ཀྲུང་གོ་བོད་ཀྱི་དྲ་བ།

ཕོ་ལན་གྱིས་ཨོ་སི་ཝེ་ཞིན་གཅིག་བསྡུས་བཙོན་ར་བཅིངས་འགྲོལ་བྱས་ནས་ལོ་ངོ་དོན་ལྔ་འགོར་བར་རྗེས་དྲན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕོ་ལན་གྱིས་ཚེས་ཉེར་བདུན་ཉིན་བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ། ཨོ་སི་ཝེ་ཞིན་གཅིག་བསྡུས་བཙོན་ར་བཅིངས་འགྲོལ་བྱས་ནས་ལོ་ངོ་དོན་ལྔ་འགོར་བར་རྗེས་དྲན་བྱས་པར་མ་ཟད། དམར་གསོད་ཆེན་མོའི་འདས་པོར་མྱ་ངན་ཞུས། 

ཉིན་དེའི་ཞོགས་པར་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏཱ་དང་གཅིག་བསྡུས་བཙོན་ར་ལས་ཐར་བའི་མི་བཅུ་ཕྲག་འགའ་མཉམ་དུ་འཇར་མན་གྱི་ཡི་གེས་བརྐོས་པའི་ངལ་རྩོལ་གྱིས་མི་རང་དབང་དུ་གཏོང་ཞེས་པའི་ཡིག་འབྲུ་ཡོད་པའི་ཨོ་སི་ཝེ་ཞིན་གཅིག་བསྡུས་བཙོན་རའི་སྒོ་ཆེན་བརྒྱུད་པ་དང་། དེའི་རྗེས་སུ་གཅིག་བསྡུར་བཙོན་རའི་ཐོག་ཁང་བཅུ་གཅིག་པའི་འགྲམ་གྱི་ཤི་འདས་རྩིག་པའི་མདུན་དུ་མེ་ཏོག་གི་ཕྲེང་བ་ཕུལ་ནས། དམར་གསོད་ཆེན་མོའི་ཁྲོད་ཀྱི་འདས་པོར་མྱ་ངན་ཞུས། 

ཉིན་དེའི་ཕྱི་དྲོར་ཨོ་སི་ཝེ་ཞིན་གཅིག་བསྡུས་སྒར་སའི་ཤི་འདས་སྒོ་ཆེན་གྱི་མདུན་ནས་སྤེལ་བའི་རྗེས་དྲན་བྱ་འགུལ་སྟེང་། ཏུའུ་ཏཱ་ཡིས་ཞུ་ཚིག་ཕུལ་ཏེ་ཡིའུ་ཐེ་བར་དམིགས་པའི་དམར་གསོད་ཆེན་མོ་ནི་མིའི་རིགས་ཀྱི་ལོ་རྒྱུས་སྟེང་ཆེས་སྐྱི་གཡའ་བའི་ཉེས་སྤྱོད་ཅིག་ཡིན་པ་དང་། ཨོ་སི་ཝེ་ཞིན་གཅིག་བསྡུས་བཙོན་རར་མཚོན་བྱེད་དོན་སྙིང་གལ་ཆེན་ལྡན། རྒྱལ་ཁབ་གཞན་པ་དང་རྒྱལ་སྤྱིའི་ལས་ཁུངས་ཀྱི་འཐུས་མི། དེ་མིན་འཛམ་གླིང་ཡོངས་ཀྱི་སེམས་འདུན་བཟང་བོ་བཅངས་པའི་མི་རྣམས་ཀྱིས་མཉམ་དུ་སྐབས་དེའི་ལོ་རྒྱུས་དང་མིའི་རིགས་ཡོངས་ཀྱི་ཉེན་བརྡ་དེ་རྒྱུན་འཛིན་བྱེད་དགོས་པའི་རེ་བ་བཏོན། 

འཇར་མན་གྱི་ཙུང་ཐུང་ཧྲི་ཐེ་ཡུན་མེད་ཨར་དང་དབྱི་སི་རལ་གྱི་ཙུང་ལི་ལི་ཧྥུའུ་ལིན་སོགས་ཆབ་སྲིད་མགོ་ཁྲིད་པ་དང་། དབྱི་སི་རལ་དང་ཨ་མེ་རི་ཁ། ཨུ་རུ་སི་སོགས་རྒྱལ་ཁབ་ཀྱི་གཅིག་བསྡུར་བཙོན་ར་ལས་ཐར་བའི་མི་ཉིས་བརྒྱ་ལྷག་རྗེས་དྲན་བྱ་འགུལ་ལ་ཞུགས། 

ཕོ་ལན་གྱི་གྲོང་ཁྱེར་གཞན་པ་ནས་ཀྱང་ཉིན་དེར་བྱ་འགུལ་སྤེལ་ཏེ། ཨོ་སི་ཝེ་ཞིན་གཅིག་བསྡུས་བཙོན་ར་བཅིངས་འགྲོལ་བཏང་ནས་ལོ་ངོ་དོན་ལྔ་འགོར་བར་རྗེས་དྲན་ཞུས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།