སི་ལོ་ཝུན་ནེ་ཡཱའི་ཙུང་ལི་ཧྲ་ལོས་ཚི་ཡིས་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་ལོ་ཝུན་ནེ་ཡཱའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། སི་ལོ་ཝུན་ནེ་ཡཱའི་ཙུང་ལི་ཧྲ་ལོས་ཚི་ཡིས་ཚེས་ཉེར་བདུན་ཉིན་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་སྒྲོག་བྱས་པ་དང་། སྔ་སྣུར་གྱིས་འདེམ་བསྐོའི་བྱ་འགུལ་སྤེལ་དགོས་པའི་འབོད་སྐུལ་བཏང་། 

ཧྲ་ལོས་ཚི་ཡིས་བཤད་རྒྱུར། ཁོས་ད་ཡོད་ཀྱི་སྲིད་འཛིན་མནའ་འབྲེལ་ནང་སྔོན་གཏན་འཁེལ་བྱས་པའི་དམིགས་འབེན་མངོན་འགྱུར་བྱས་ཏེ་མི་དམངས་ཀྱི་རེ་བ་བསྐང་ཐབས་མེད་ཀྱང་། འདེམ་བསྐོའི་རྗེས་སུ་དམིགས་འབེན་དུ་བསླེབ་ཐུབ། ཁོས་སྔ་སྣུར་གྱིས་འདེམ་བསྐོ་བྱེད་པར་སྤྲོ་བ་ཡོད་པའི་ཕྱོགས་སོ་སོའི་བར་གྲོས་བསྡུར་བྱེད་འདོད་ཡོད་ཟེར། 

སི་ལོ་ཝུན་ནེ་ཡཱའི་སྐབས་འདིའི་སྲིད་གཞུང་དེ་དབུས་གཡོན་སྲིད་ཏང་ལྔས་གྲུབ་ཡོད་པ་དང་། གྲོས་ཁང་གི་ལས་གནས་དགུ་བརྒྱའི་ཁྲོད་ཞེ་གསུམ་ཟིན་ཡོད། ན་ནིང་ཟླ་བཅུ་གཅིག་པར་ངོ་རྒོལ་ཏང་གི་དངོས་གཞི་མིན་པའི་རྒྱབ་སྐྱོར་མེད་པར་གྱུར་རྗེས། མཉམ་འབྲེལ་སྲིད་གཞུང་གིས་གྲོས་ཁང་ནས་བཅའ་ཁྲིམས་འཆར་ཟིན་ལ་གྲོས་མཐུན་འགོད་པར་དཀའ་ཁག་སྔར་ལས་ཆེ་བར་གྱུར་ཡོད། 

ཉིན་དེའི་སྔ་དྲོར། སི་ལོ་ཝུན་ནེ་ཡཱའི་ནོར་སྲིད་བློན་ཆེན་པེ་ཨར་ཏོན་ཚེ་ལེ་ཡིས་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་སྒྲོག་བྱས་པ་དང་། ཕྱི་ཕྱོགས་ཀྱིས་ཚོད་དཔག་བྱས་ན་ལས་ཁུར་དགོངས་ཞུ་བྱེད་པའི་རྒྱུ་རྐྱེན་ནི་ཕྱོགས་སོ་སོའི་སྨན་བཅོས་འགན་སྲུང་བཅའ་ཁྲིམས་འཆར་ཟིན་ཐད་ཀྱི་འགལ་བ་འདུམ་པར་བྱེད་ཐབས་མེད་པས་རེད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།