ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་ཁབ་རེ་འགས་ལི་པུ་ཡཱ་རུ་མཚོན་ཆ་སྐྱེལ་འདྲེན་བྱས་པར་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལི་པུ་ཡཱའི་རོགས་སྐྱོར་ཆེད་མངག་ཚོགས་པས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། རྒྱལ་ཁབ་རེ་འགས་ལི་པུ་ཡཱའི་གནད་དོན་གྱི་པའོ་ལིན་མཐོ་རིམ་གྲོས་ཚོགས་ཀྱི་ཐུན་མོང་ལྟ་ཚུལ་དང་འགལ་བའི་སྒོ་ནས་ལི་པུ་ཡཱ་རུ་མཚོན་ཆ་སྐྱེལ་འདྲེན་བྱེད་བཞིན་ཡོད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལི་པུ་ཡཱའི་རོགས་སྐྱོར་ཆེད་མངག་ཚོགས་པས་གསལ་སྒྲོག་ལས་བཤད་རྒྱུར། འདས་པའི་ཉིན་བཅུའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལི་པུ་ཡཱའི་རོགས་སྐྱོར་ཆེད་མངག་ཚོགས་པས་རྒྱུས་ལོན་བྱུང་བ་ལྟར་ན། དངོས་ཟོང་གྲུ་གཟིངས་སྐོར་ཞིག་དང་ལི་པུ་ཡཱའི་ཤར་ཕྱོགས་དང་ནུབ་ཕྱོགས་ས་ཁུལ་གྱི་གནམ་གྲུ་ཐང་མང་བོར་བབས་པའི་གནམ་གྲུ་ཡིས་འཁྲུག་རྩོད་ཕྱོགས་ཁག་གཉིས་ལ་སྔོན་ཐོན་གྱི་མཚོན་ཆ་དང་ཁྲབ་ལྡན་འཁོར་ལོ་འདོན་སྤྲོད་བྱས་པར་མ་ཟད། བློ་འདྲི་བ་དང་དམག་མི་བསྐྱལ་ཡོད་ཟེར། 

གསལ་སྒྲོག་ལས་རྒྱལ་ཁབ་གང་དག་གིས་ཁྲིམས་འགལ་གྱིས་མཚོན་ཆ་སྐྱེལ་འདྲེན་བྱེད་པ་གསལ་བོར་བཤད་མེད་ལ། པའོ་ལིན་མཐོ་རིམ་གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཁབ་རེ་འགའ་ཡིས་མུ་མཐུད་དུ་ལི་པུ་ཡཱ་རུ་ཕྱི་རྒྱལ་གྱི་དམག་མི་དང་མཚོན་ཆ། འགད་རྫས་སོགས་སྐྱེལ་འདྲེན་བྱེད་བཞིན་ཡོད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལི་པུ་ཡཱའི་རོགས་སྐྱོར་ཆེད་མངག་ཚོགས་པས་གོང་གི་བྱ་སྤྱོད་དེ་ལས་ལི་པུ་ཡཱ་ནས་སྐོར་ཐེངས་གསར་བའི་འཁྲུག་རྩོད་འབྱུང་དུ་འཇུག་སྲིད་པར་རྒོལ་གཏམ་བཏང་། 

ལི་པུ་ཡཱའི་རྒྱལ་ས་ཏི་ལེ་པའོ་ལི་རུ་བཅར་འདྲི་བྱེད་པའི་ལུའུ་ཐིག་གསར་འགྱུར་ཁང་གི་གསར་འགོད་པས་བལྟས་ན། འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་འདས་པའི་གཟའ་འཁོར་གཉིས་ཀྱི་ནང་དུ་འཁྲུག་རྩོད་ཇེ་ཉུང་དུ་སོང་ཡོད་ཀྱང་། ཏི་ལེ་པའོ་ལི་རུ་ཚེས་ཉེར་ལྔ་ཉིན་མེ་སྒྱོགས་ཀྱི་སྒྲ་ཆེན་པོ་ཐོས་ཐུབ་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།