ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་མང་ཚོགས་ཀྱིས་པཱ་ཀ་ཏཱ་ནས་རྔམ་སྟོན་ཁྲོམ་སྐོར་སྤེལ་ཏེ་ཨ་མེ་རི་ཁའི་དམག་དཔུང་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་གི་གློག་འཕྲིན་ལྟར། དབྱི་རག་གི་མི་མང་བོ་ཞིག་གིས་ཚེས་ཉེར་བཞིའི་ཉིན་རྒྱལ་ས་པཱ་ཀ་ཏཱ་ནས་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་སྤེལ་ཏེ། ཨ་མེ་རི་ཁའི་དམག་དཔུང་དབྱི་རག་ནས་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན། དབྱི་རག་གི་ཧྲི་ཡེ་ཕྱོགས་ཁག་གི་གཙོ་འཛིན་སཱ་ཏི་ཨར་གྱིས་ཉིན་དེར་ཞི་བའི་བྱེད་ཐབས་གང་རུང་སྤྱད་དེ་ཨ་མེ་རི་ཁའི་དམག་དཔུང་ཕྱིར་འཐེན་བྱེད་པར་སྐུལ་མ་གཏོང་དགོས་པའི་འབོད་སྐུལ་བཏང་། 

སཱ་ཏི་ཨར་གྱི་འབོད་སྐུལ་འོག མི་སྟོང་ཕྲག་མང་བོ་ཉིན་དེར་པཱ་ཀ་ཏཱ་གྲོང་ཁྱེར་ལྟེ་གནས་ཀྱི་ཅཱ་ཏི་ལི་ཡཱ་ས་ཁུལ་དུ་འཛོམས་ཤིང་། ཨ་མེ་རི་ཁར་ངོ་རྒོལ་བྱེད་པའི་འཕྲེད་བྱང་བཟུང་སྟེ་དབྱི་རག་ཏུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན། དབྱི་རག་བདེ་འཇགས་དམག་དཔུང་གིས་པཱ་ཀ་ཏཱ་གྲོང་ཁྱེར་ནང་ཁུལ་གྱི་སྲང་ལམ་གཙོ་བོ་དང་ཕྱི་རྒྱལ་གྱི་གཞུང་ཚབ་ཁང་ཡོད་སའི་གནས་བཀག་སྡོམ་བྱས། 

སཱ་ཏི་ཨར་གྱིས་རྔམ་སྟོན་ཁྲོམ་སྐོར་མཁན་ལ་བྲིས་པའི་འཕྲིན་ཡིག་ནང་སྲིད་གཞུང་གིས་ཨ་མེ་རི་ཁའི་བར་བཀོད་པའི་བདེ་འཇགས་གྲོས་མཐུན་རྩིས་མེད་དུ་གཏོང་དགོས་པའི་འབོད་སྐུལ་བཏང་། ཁོས་དབྱི་རག་ཏུ་ཡོད་པའི་ཨ་མེ་རི་ཁའི་དམག་དོན་རྟེན་གཞི་ཚང་མའི་སྒོ་བརྒྱབ་སྟེ། དབྱི་རག་ཏུ་སྡོད་པའི་ཨ་མེ་རི་ཁའི་བདེ་འཇགས་ཀུང་ཟིའི་བྱ་བ་མཇུག་སྒྲིལ་དུ་འཇུག་པ་དང་། ཨ་མེ་རི་ཁའི་དམག་དཔུང་གིས་དབྱི་རག་གི་མཁའ་ཁོངས་བེད་སྤྱོད་བྱེད་པར་གཏན་འགོག་བྱས་ན། ད་གཟོད་ཨ་མེ་རི་ཁའི་དམག་དཔུང་ཚང་མ་ཕྱིར་འཐེན་བྱེད་པར་ཁག་ཐེག་བྱེད་ཐུབ་ཟེར།

སཱ་ཏི་ཨར་གྱིས་བསྟན་དོན། གལ་ཏེ་ཨ་མེ་རི་ཁའི་དམག་དཔུང་ཕྱིར་འཐེན་བྱེད་པའི་དམིགས་འབེན་དེ་མངོན་འགྱུར་བྱུང་ན། ཁོས་ངོ་རྒོལ་གྱི་བྱ་འགུལ་ཡོད་ཚད་མཚམས་འཇོག་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : བསམ་ནོར།