ལི་པུ་ཡཱའི་ཉེ་འཁོར་རྒྱལ་ཁབ་དག་གི་ཕྱི་འབྲེལ་བློན་ཆེན་གྱི་གྲོས་ཚོགས་ནས་ལི་པུ་ཡཱའི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལི་པུ་ཡཱའི་ཉེ་འཁོར་རྒྱལ་ཁབ་བདུན་གྱི་ཕྱི་འབྲེལ་བློན་ཆེན་དང་འཐུས་མིས་ཚེས་ཉེར་གསུམ་ཉིན་ཨར་ཅི་རི་ཡཱའི་རྒྱལ་ས་ཨར་ཅིར་ནས་གྲོས་ཚོགས་བསྡུས་ཏེ། ལི་པུ་ཡཱའི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་གང་མགྱོགས་སྒོས་འཁྲུག་རྩོད་མཚམས་བཞག་ནས་ཆབ་སྲིད་གྲོས་མོལ་འཕེལ་རིམ་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་། 

གྲོས་ཚོགས་ནས་སྤེལ་བའི་སྤྱི་སྒྲོག་ལས་བཤད་རྒྱུར། གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཁབ་སོ་སོས་མིག་སྔའི་ལི་པུ་ཡཱའི་གནས་བབ་ལ་སེམས་ཁུར་བྱེད་བཞིན་ཡོད་པ་དང་། ལི་པུ་ཡཱའི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་མྱུར་དུ་འཁྲུག་རྩོད་མཚམས་བཞག་སྟེ། ཆབ་སྲིད་གྲོས་མོལ་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཉམས་ཉེན་ཐག་གཅོད་བྱེད་པའི་བྱེད་ཐབས་འཚོལ་ཞིབ་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཨར་ཅི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་པུའུ་ཁཱ་ཏུའུ་མུའུ་ཡིས་གྲོས་ཚོགས་གྲོལ་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལི་པུ་ཡཱའི་མི་དམངས་དག་གིས་མིག་སྔའི་ཉམས་ཉེན་ཐག་གཅོད་བྱེད་དུ་འཇུག་དགོས་པ་དང་། རྣམ་པ་གང་རུང་གི་ཕྱི་ཕྱོགས་ཐེ་གཏོགས་བྱེད་མི་རུང་ཟེར། ཁོས་བཤད་རྒྱུར། ཐེངས་འདིའི་གྲོས་ཚོགས་ཀྱི་དམིགས་ཡུལ་ནི་རྒྱལ་ཁབ་སོ་སོའི་མཉམ་ལས་དང་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ། མཉམ་དུ་ལི་པུ་ཡཱ་མིག་སྔའི་དཀའ་ཁག་ལས་ཐར་བར་རོགས་རམ་བྱེད་པའི་ཆེད་དུ་ཡིན་ཟེར། 

ཐེངས་འདིའི་གྲོས་ཚོགས་ནི་ཨར་ཅི་རི་ཡཱ་ཕྱོགས་ཀྱིས་གྲོས་འདོན་བྱས་པ་ལྟར་བསྡུས་པ་ཡིན་ལ། ཨར་ཅི་རི་ཡཱ་དང་ཐུ་ནི་ཞི་ཡཱ། ཨེ་ཅིབ། སུའུ་ཏན། ཀྲ་ཏི། ནེ་ཀྲིར། མཱ་ལི་བཅས་ཀྱི་ཕྱི་འབྲེལ་བློན་ཆེན་དང་འཐུས་མིས་ཚེས་ཉེར་གསུམ་ཉིན་ཨར་ཅིར་ནས་གྲོས་ཚོགས་བསྡུས་ཏེ་ལི་པུ་ཡཱའི་གནས་བབ་དང་ལི་པུ་ཡཱའི་གནད་དོན་གྱི་པའོ་ལིན་མཐོ་རིམ་གྲོས་ཚོགས་ཀྱི་འབྲེལ་ཡོད་གྲུབ་འབྲས་ལ་གྲོས་བསྡུར་བྱས།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།