དབྱི་སི་རལ་དང་ཧྥ་རན་སི་ཡིས་འཐབ་ཇུས་གྲོས་མོལ་རྐྱེན་སྲོལ་འཛུགས་རྒྱུ་རེད།

202001230854453nue.jpg

ཟླ1པོའི་ཚེས22ཉིན། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཡེ་ལུའུ་སཱ་ལེམ་ནས་འཚམས་འདྲིར་ཡོང་བའི་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་ཐུག་འཕྲད་བྱས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་ཉེར་གཉིས་ཉིན་འཚམས་འདྲིར་ཡོང་བའི་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་མཉམ་དུ་ཡེ་ལུའུ་སཱ་ལེམ་ནས་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོས་མོལ་རྐྱེན་སྲོལ་འཛུགས་རྒྱུར་ཡིད་འཐད་བྱུང་། 

དབྱི་སི་རལ་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཚེས་ཉེར་གཉིས་ཉིན་སྤེལ་བའི་གསལ་སྒྲོག་ལྟར་ན། ནེ་ཐཱ་ནི་ཡཱ་ཧུའུ་དང་མཱ་ཁི་ལུང་གིས་གྲོས་མོལ་བྱེད་སྐབས་རྒྱལ་ཁབ་གཉིས་ཀྱིས་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ནས་འཐབ་ཇུས་གྲོས་མོལ་རྐྱེན་སྲོལ་འཛུགས་པར་ཡིད་འཐད་བྱུང་ཡོད་ཟེར། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་དེའི་རྗེས་སུ་གསལ་སྒྲོག་སྤེལ་ཏེ། དེ་ནི་དབྱི་སི་རལ་གྱི་ཕྱི་འབྲེལ་སྲིད་ཇུས་ཀྱི་འགྱུར་ལྡོག་གལ་ཆེན་ཞིག་ཡིན་པ་དང་། རྐྱེན་སྲོལ་དེ་ལས་ཕྱོགས་གཉིས་ཀྱི་ས་ཁུལ་གནད་དོན་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་ཐུབ་ཟེར། 

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་གྲོས་མོལ་བྱེད་སྐབས་མཱ་ཁི་ལུང་གིས་དབྱི་ལིང་ལ་གནོན་ཤུགས་སྟེར་བ་དང་དབྱི་ལིང་ལ་བཀག་སྡོམ་བྱེད་ཐབས་སྤྱོད་པའི་འབོད་སྐུལ་བཏང་། ཕྱོགས་གཉིས་ཀྱིས་ད་རུང་དབྱི་རག་དང་སི་རི་ཡཱ། ལི་པུ་ཡཱ་སོགས་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ནས་བསམ་འཆར་བརྗེ་རེས་བྱས། 

མཱ་ཁི་ལུང་ཚེས་ཉེར་གཉིས་ཉིན་དབྱི་སི་རལ་དུ་འབྱོར་ནས། ཁོས་ཙུང་ཐུང་གི་འགན་ཁུར་བའི་ཚུན་ལ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་ས་ཁུལ་དུ་ཐོག་མའི་འཚམས་འདྲི་བྱེད་མགོ་བརྩམས། དབྱི་སི་རལ་ལས་གཞན་མཱ་ཁི་ལུང་གིས་ད་རུང་ཕཱ་ལེ་སི་ཐན་དུ་འཚམས་འདྲི་བྱེད་རྒྱུ་མ་ཟད། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་དང་གྲོས་མོལ་བྱེད་རྒྱུ་རེད། 

ཚེས་ཉེར་གསུམ་ཉིན། མཱ་ཁི་ལུང་ཨོ་སི་ཆི་ཞིན་གཅིག་བསྡུས་བཙོན་ར་བཅིངས་འགྲོལ་བཏང་ནས་ལོ་འཁོར་དོན་ལྔ་འགོར་བའི་རྗེས་དྲན་བྱ་འགུལ་ལ་ཞུགས་རྒྱུ་རེད། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།