མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ལི་པུ་ཡཱའི་གནད་དོན་གྱི་པའོ་ལིན་མཐོ་རིམ་གྲོས་ཚོགས་ནས་གྲུབ་འབྲས་ཐོབ་པར་དགའ་བསུ་ཞུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར་གསང་བའི་གྲོས་མོལ་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སིའི་ཚེས་བཅུ་དགུའི་ཉིན་ལི་པུ་ཡཱའི་གནད་དོན་གྱི་པའོ་ལིན་མཐོ་རིམ་གྲོས་ཚོགས་སྐོར་གྱི་སྙན་ཞུར་ཉན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཟླ་འདིའི་རེས་སྐོར་ཀྲུའུ་ཞི། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཡོ་ནན་གྱི་འཐུས་མི་ཏིན་ཐིན་ཀོས་ཀྱིས་གསར་འགོད་པར་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་པའོ་ལིན་མཐོ་རིམ་གྲོས་ཚོགས་ནས་བླངས་པའི་གྲུབ་འབྲས་ལ་དགའ་བསུ་ཞུས། 

པའོ་ལིན་མཐོ་རིམ་གྲོས་ཚོགས་ནས་གྲུབ་འབྲས་ང་ལྔ་འདུས་པའི་ཡིག་ཆ་ཞིག་ལ་གྲོས་འཆམ་བྱུང་བ་དང་། ལི་པུ་ཡཱའི་བདག་དབང་དང་སྒེར་ཚུགས། མངའ་ཁོངས་ཆ་ཚང་ཡོང་བ། མི་རིགས་མཐུན་སྒྲིལ་བཅས་ཐད་ཀྱི་དམ་བཅའ་བསྐྱར་སྒྲོག་བྱས། 

ཀུའུ་ཐི་ལོས་སི་ཡིས་གསར་འགོད་པར་བཤད་རྒྱུར། པའོ་ལིན་གྱི་མཐོ་རིམ་གྲོས་ཚོགས་ནི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ཡང་། ལི་པུ་ཡཱའི་གནད་དོན་ཐག་གཅོད་བྱེད་པར་སྔར་བཞིན་དཀའ་ཁག་ཆེ། ཁོས་འཁྲུག་རྩོད་མཚམས་བཞག་ནས་དེའི་རྨང་གཞིའི་སྟེང་ཆབ་སྲིད་འཕེལ་རིམ་མགོ་རྩོམ་དགོས་པའི་འབོད་སྐུལ་བཏང་། 

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ལྔ་འདུས་པའི་རྒྱལ་ཁབ་བཅུ་གཉིས་ཀྱི་མགོ་ཁྲིད་པ་དང་མཐོ་རིམ་འཐུས་མི། མཉམ་འབྲེལ་རྒྱལ་ཚོགས་དང་ཡོ་རོབ་གླིང་མནའ་འབྲེལ། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ། ཨ་རབ་རྒྱལ་ཁབ་མནའ་འབྲེལ་བཅས་ཀྱི་མགོ་ཁྲིད་པ་དག་ཚེས་བཅུ་དགུའི་ཉིན་འཇར་མན་གྱི་པའོ་ལིན་ནས་སྤེལ་བའི་ལི་པུ་ཡཱའི་གནད་དོན་ཐག་གཅོད་བྱེད་པར་དམིགས་པའི་པའོ་ལིན་གྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།