ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕཱ་ལེ་སི་ཐན་ལ་རྒྱབ་སྐྱོར་མང་དུ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་དང་བྲེལ་མྱུར་རྒུད་སྐྱོབ་ཀྱི་མཐུན་སྦྱོར་བ་གཞོན་པ་མུས་ལེ་ཡིས་ཚེས་ཉི་ཤུའི་ཉིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕཱ་ལེ་སི་ཐན་ལ་རྒྱབ་སྐྱོར་སྔར་ལས་མང་བོ་བྱས་ཏེ། ས་དེའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་། 

མུས་ལེ་ཡིས་ཉེ་སྔོན་ཕཱ་ལེ་སི་ཐན་དང་དབྱི་སི་རལ་ས་ཁུལ་དུ་དུས་ཡུན་ཉིན་དྲུག་གི་རིང་འཚམས་འདྲི་བྱས། འཚམས་འདྲི་བྱེད་སྐབས་ཁོ་མོས་ཕཱ་ལེ་སི་ཐན་གྱི་དཔོན་པོར་ཐུག་འཕྲད་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕཱ་ལེ་སི་ཐན་གྱི་བཙན་བཟུང་བྱས་པའི་ས་ཁོངས་ཀྱི་མི་ཆོས་རིང་ལུགས་ཀྱི་དགོས་མཁོ་ཐག་གཅོད་བྱེད་པའི་དམ་བཅའ་བསྐྱར་སྒྲོག་བྱས། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་གཞུང་སྒྲུབ་ཁང་གིས་ཚེས་ཉི་ཤུའི་ཉིན་གསལ་སྒྲོག་སྤེལ་ཏེ། མུས་ལེ་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དམ་བཅའ་ལག་བསྟར་གང་ལེགས་བྱས་ནས། རྒྱུན་མཐུད་གཏན་འཇགས་ཀྱི་མ་དངུལ་རོགས་སྐྱོར་འདོན་སྤྲོད་བྱས་ཏེ་ཕཱ་ལེ་སི་ཐན་མི་དམངས་ཀྱིས་མིག་སྔའི་འགྲན་རྩོད་ཐག་གཅོད་བྱེད་པར་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བཏང་། 

མུས་ལེ་ཡིས་གསལ་སྒྲོག་ནང་བཤད་རྒྱུར། ཕཱ་ལེ་སི་ཐན་ས་ཁུལ་འགྲན་རྩོད་ཆེན་མོར་འཕྲད་ཡོད་པ་དང་། ལག་བསྟར་བྱས་ཆོག་པའི་ཆབ་སྲིད་ཐག་གཅོད་ཇུས་གཞི་མ་བྱུང་གོང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱུན་ཆད་མེད་པར་ཕཱ་ལེ་སི་ཐན་གྱི་སྟོབས་ཞན་མང་ཚོགས་ལ་རྒྱབ་སྐྱོར་བྱེད་པར་གལ་འགངས་ཆེ་ཟེར། མུས་ལེ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོས་མུ་མཐུད་དུ་ཅཱ་ཧྲ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པ་དང་། ཆབ་སྲིད་གྲོས་མོལ་སླར་གསོ་བྱེད་པར་སྐུལ་འདེད་བཏང་སྟེ། དུས་ཡུན་རིང་བོའི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱས་ནས་ཉམས་ཉེན་དེ་རྩ་བ་ནས་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།