ཀྲུང་གོ་བོད་ཀྱི་དྲ་བ།

ཨན་པའེ་ཅིན་སན་གྱིས་ཉིས་སྟོང་ཉི་ཤུ་ལོའི་སྲིད་སྐྱོང་གཏམ་བཤད་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་པན་གྱིས་ཚེས་ཉི་ཤུའི་ཉིན་གྲོས་ཁང་གི་གྲོས་ཚོགས་ཐེངས་ཉིས་བརྒྱ་དང་གཅིག་པ་བསྡུས་པ་དང་། དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཉིན་དེར་དམངས་གྲོས་ཁང་གི་གྲོས་ཚོགས་སྟེང་སྲིད་སྐྱོང་གཏམ་བཤད་སྤེལ། 

ཨན་པའེ་ཅིན་སན་གྱིས་གཏམ་བཤད་ཁྲོད་རྩ་ཁྲིམས་ལ་བཟོ་བཅོས་བྱེད་པའི་གནད་དོན་གླེང་། ཁོས་བཤད་རྒྱུར། རྒྱུན་ཆད་མེད་པར་རྒྱལ་ཁབ་ཀྱི་རྣམ་པའི་བཅོས་བསྒྱུར་ཆེན་མོར་སྐུལ་འདེད་གཏོང་དགོས་ཟེར། ཁོས་རྒྱལ་ཚོགས་ཀྱི་གྲོས་མི་དག་གིས་རྩ་ཁྲིམས་ལ་བཟོ་བཅོས་བྱེད་པའི་བྱེ་བྲག་གི་ཇུས་གཞི་སྤྲོད་དགོས་པའི་འབོད་སྐུལ་བཏང་། 

ཨན་པའེ་ཅིན་སན་གྱིས་བསྟན་དོན། ད་ལོ་ནི་འཇར་པན་དང་ཨ་མེ་རི་ཁས་བདེ་སྲུང་ཆིངས་ཡིག་བཀོད་ནས་ལོ་ངོ་དྲུག་ཅུ་འགོར་བའི་ལོ་ཡིན་ཞིང་། འཇར་པན་གྱིས་མུ་མཐུད་དུ་འཇར་པན་དང་ཨ་མེ་རི་ཁའི་མནའ་མཐུན་གྱི་ཟིལ་ཤུགས་སྲུང་འཛིན་བྱེད་པར་དོ་སྣང་བྱེད་རྒྱུ་ཡིན་ཟེར། ཁོས་བཤད་རྒྱུར། ཧན་གོའི་བར་གྱི་འབྲེལ་བ་ལེགས་བཅོས་བྱེད་པའི་རེ་བ་ཡོད་པ་དང་། ཨུ་རུ་སིའི་བར་མངའ་ཁོངས་གནད་དོན་ཐག་གཅོད་བྱེད་འདོད་ཡོད་ལ། ཨུ་རུ་སིའི་བར་ཞི་བདེའི་མཛའ་མཐུན་ཆིངས་ཡིག་འགོད་པའི་བྱེད་ཕྱོགས་བསྐྱུར་མི་སྲིད་ཟེར། 

ཨན་པའེ་ཅིན་སན་གྱིས་ད་རུང་བཤད་རྒྱུར། འཇར་པན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་གཙོ་བོ་ཁུར་དུ་བླངས་ཡོད་པས། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་འགྲོ་འོང་ལ་ཤུགས་སྣོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་ཇེ་ཟབ་ཏུ་གཏོང་དགོས་ཟེར། 

ཨན་པའེ་ཅིན་སན་གྱིས་བསྟན་དོན། མིའི་བཟོས་རིག་ནུས་དང་གཞི་གྲངས་ཆེན་མོའི་བཀོལ་སྤྱོད་གཙོ་བྱས་པའི་ཐེངས་བཞི་བའི་ཐོན་ལས་གསར་བརྗེ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་བྱས་ཤིང་། མྱུར་ཞིང་ཤོང་ཚད་ཆེ་བའི་སྤོ་སྒུལ་འཕྲིན་གཏོང་ལག་རྩལ་གྱི་བེད་སྤྱོད་དང་མ་འོངས་པར་དམིགས་ནས་གསར་གཏོད་བྱེད་དགོས་ཟེར།

དེ་ནི་ཨན་པའེ་ཅིན་སན་གྱིས་ཉིས་སྟོང་བཅུ་གཉིས་ལོའི་ཟླ་བཅུ་གཉིས་པར་ཐེངས་གཉིས་པར་སྲིད་བསྐྱངས་པའི་ཚུན་ལ་སྤེལ་བའི་སྲིད་སྐྱོང་གཏམ་བཤད་ཐེངས་བརྒྱད་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།