ནེ་ཀྲི་རི་ཡཱའི་ནུབ་བྱང་ཕྱོགས་ནས་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེ་ཀྲི་རི་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉི་ཤུའི་ཉིན་བཤད་རྒྱུར། ནེ་ཀྲི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་ཁཱ་ཆི་ནཱ་ཀྲིག་ནས་ཉིན་དེར་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ། མི་བཅུ་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་བཞིར་རྨས་ཕོག་ཟེར། 

ཁཱ་ཆི་ནཱ་ཀྲིག་གི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་དབྱེ་སཱ་ཡིས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ནེ་ཀྲི་རི་ཡཱའི་ལྷོ་ནུབ་ཕྱོགས་ཀྱི་ལཱ་ཀི་སི་གྲོང་ཁྱེར་ཕྱོགས་སུ་བགྲོད་པའི་དངོས་སྐྱེལ་རླངས་འཁོར་ཞིག་ཁཱ་ཆི་ནཱ་ཀྲིག་གི་སྡེ་བ་ཞིག་གི་ཉེ་འདབས་སུ་གློ་བུར་དུ་ཚོད་འཛིན་བྱེད་ཐབས་བྲལ་ནས། ཟམ་པ་ཞིག་ལས་ལྷུང་སྟེ་མི་སྣར་ཤི་རྨས་ཚབས་ཆེན་བཟོས་ཡོད་ཟེར། དོན་རྐྱེན་བྱུང་སྐབས་དངོས་སྐྱེལ་རླངས་འཁོར་སྟེང་དུ་ས་དེའི་མང་ཚོགས་བཅུ་ཕྲག་འགའ་དང་བ་གླང་འགའ་དྲུད་ཡོད་ཟེར། 

དབྱེ་སཱ་ཡིས་བཤད་རྒྱུར། ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།