ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱིས་སྒྲིག་ཆས་བཀོད་སྒྲིག་བྱས་ཏེ་ལེ་པཱ་ནུན་གྱིས་རྒྱལ་ཁོངས་བརྒལ་བའི་ས་འོག་ཏུ་འགུལ་སྐྱོད་བྱེད་པར་ལྟ་ཞིབ་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་ཚེས་བཅུ་དགུའི་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་དམག་དཔུང་གིས་ཉིན་དེ་ནས་བཟུང་ལག་རྩལ་སྒྲིག་ཆས་བཀོད་སྒྲིག་བྱས་ནས། དབྱི་སི་རལ་དང་ལེ་པཱ་ནུན་གྱི་རྒྱལ་མཚམས་བརྒལ་བའི་ས་འོག་གི་འགུལ་སྐྱོད་ལ་ལྟ་ཞིབ་དང་གསལ་འབྱེད་བྱེད་རྒྱུ་ཡིན་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཚེས་བཅུ་དགུ་ཉིན་ནས་བཟུང་བཀོད་སྒྲིག་བྱས་པའི་ཐུན་མིན་གྱི་ལག་རྩལ་རྨང་གཞིར་བྱས་པའི་སྒྲིག་ཆས་དེ། བྱང་ཕྱོགས་མཐའ་མཚམས་ས་ཁུལ་གྱི་ཡུལ་བབ་ཁྱད་ཆོས་དང་འཚམ་ལ། ལེ་པཱ་ནུན་གྱི་ས་འོག་གི་འགུལ་སྐྱོད་ལ་འགོག་སྲུང་རང་བཞིན་ལྡན་པའི་ལྟ་ཞིབ་བྱེད་པའི་ནུས་པ་ལྡན། གལ་སྲིད་ས་འོག་གི་དགྲ་བོའི་འགུལ་སྐྱོད་ཚད་འཇལ་བྱུང་ན། དབྱི་སི་རལ་དམག་དཔུང་གིས་གཙང་སེལ་བྱེད་ངེས་ཡིན་ཟེར། 

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིས་སྟོང་བཅོ་བརྒྱད་ལོའི་ལོ་མཇུག་ནས་བཟུང་སྤེལ་བའི་བྱང་ཕྱོགས་འགོག་ཕིབ་འགུལ་སྐྱོད་ཁྲོད་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་བཟོས་པའི་ལེ་པཱ་ནུན་ནས་དབྱི་སི་རལ་གྱི་མངའ་ཁོངས་སུ་རྒྱུན་བསྲིངས་པའི་རྒྱལ་ཁོངས་བརྒལ་བའི་ས་འོག་ཕུག་ལམ་དྲུག་རྙེད་ནས་གཙང་སེལ་བྱས་པ་དང་། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་ལོ་མང་བོར་བསགས་པའི་ཐུན་མིན་གྱི་དཔུང་འཇུག་ནུས་པ་འཕྲོག་པ་ཡིན་ཟེར། 

དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གི་གསར་འགྱུར་མགྲིན་ཚབ་པ་ཁུང་ལི་ཁུའུ་སི་ཡིས་ཚེས་བཅུ་དགུའི་ཉིན་གསལ་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་སི་རལ་དམག་དཔུང་གིས་ཉིན་དེ་ནས་བཟུང་། དབྱི་སི་རལ་དང་ལེ་པཱ་ནུན་གྱི་གནས་སྐབས་རྒྱལ་མཚམས་སུ་ལག་རྩལ་གྱི་རྒྱང་ཚོར་འཕྲུལ་ཆས་ཀྱིས་གྲུབ་པའི་འགོག་སྲུང་མ་ལག་གསར་བ་སྒྲིག་སྦྱོར་བྱས་ཡོད་ཟེར། 

ཁུང་ལི་ཁུའུ་སི་ཡིས་བཤད་རྒྱུར། མིག་སྔར་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་གསར་དུ་ལས་པའི་རྒྱལ་ཁོངས་བརྒལ་བའི་ས་འོག་སྦུག་ལམ་གྱི་གསང་འཕྲིན་མེད་པ་དང་། སྒྲིག་ཆས་གསར་བ་བཀོད་སྒྲིག་བྱེད་པ་ནི་འགོག་སྲུང་གི་ཆེད་དུ་ཡིན། བཀོད་སྒྲིག་དེ་བསྟུད་མར་ཟླ་ངོ་གཉིས་ལ་རྒྱུན་བསྲིང་རྒྱུ་ཡིན་ཞིང་། སྔར་ལས་ཆེ་བའི་འཆར་གཞིའི་ཁག་ཅིག་ཡིན། དབྱི་སི་རལ་དམག་དཔུང་གིས་མུ་མཐུད་དུ་ལེ་པཱ་ནུན་གྱི་མཐའ་མཚམས་ས་ཁུལ་དུ་འགོག་སྲུང་བྱ་བ་རྒྱ་ཆེར་སྤེལ་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།