ཀྲུང་གོ་བོད་ཀྱི་དྲ་བ།

སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ན་གཞོན་ཏང་གི་དྲག་ཆས་ཉེས་ཅན་བཅུ་དྲུག་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་ཚེས་བཅུ་བདུན་ཉིན་གྱི་དགོང་མོར་སོ་མཱ་ལིའི་ལྷོ་ཕྱོགས་ཀྱི་ཞེ་པེ་ལེ་ཀྲིག་དབུས་མ་ནས་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བཅུ་དྲུག་བསད་ཟེར། 

སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གི་ཡན་ལག་རུ་ཁག་ཉེར་བདུན་པའི་བཀོད་འདོམ་དཔོན་པོ་མཱ་ཧཱ་མའོ་ཏི་ཡིས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཉིན་དེའི་དགོང་མོར་ན་གཞོན་ཏང་གི་དྲག་ཆས་ཉེས་ཅན་གྱིས་ཞེ་པེ་ལེ་ཀྲིག་དབུས་མའི་སྲིད་གཞུང་དམག་དཔུང་གི་རྟེན་གཞི་ཞིག་ལ་འཇབ་རྒོལ་བྱས། དམག་ཕྱོགས་ཀྱིས་འཇབ་རྒོལ་དོན་རྐྱེན་དེ་ཕམ་ཉེས་སུ་བཏང་སྟེ། དྲག་ཆས་ཉེས་ཅན་བཅུ་དྲུག་བསད་པ་དང་མི་ཉི་ཤུར་རྨས་ཕོག་ཡོད་ཟེར། 

མཱ་ཧཱ་མའོ་ཏི་ཡིས་བཤད་རྒྱུར། སྲིད་གཞུང་གི་དམག་མི་བཞི་འཐབ་འཁྲུག་ཁྲོད་རྐྱེན་ལམ་དུ་ཤོར། མིག་སྔར་སྲིད་གཞུང་དམག་དཔུང་གིས་ནགས་ཚལ་ཁྲོད་ཀྱི་དྲག་ཆས་ཉེས་ཅན་གཞན་པའི་རྗེས་འདེད་བྱེད་བཞིན་ཡོད་ཟེར། 

སོ་མཱ་ལིའི་ན་གཞོན་ཏང་གིས་བཤད་རྒྱུར། ཁོ་ཚོས་འཐབ་འཛིང་བྱེད་སྐབས་སྲིད་གཞུང་གི་དམག་མི་ལྔ་བསད་པ་དང་། རླངས་འཁོར་གཉིས་འཕྲོག་པར་མ་ཟད་མེ་མདའ་དང་འགད་རྫས་སྐོར་ཞིག་ཐོབ་ཡོད་ཟེར། 

ས་དེའི་སྡོད་དམངས་ཀྱིས་གསར་འགོད་པར་བཤད་རྒྱུར། དྲག་ཆས་ཉེས་ཅན་གྱིས་ཚེས་བཅུ་བདུན་ཉིན་གྱི་དགོང་མོར་སྲིད་གཞུང་གི་དམག་དོན་རྟེན་གཞིར་དཔུང་འཇུག་བྱས་པ་དང་། ཕྱོགས་གཉིས་ཀྱིས་དུས་ཚོད་འགའི་རིང་འཁྲུག་རྩོད་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།