ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱིས་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་ས་འོག་འགད་རྫས་གཙང་སེལ་བྱེད་པའི་འགུལ་སྐྱོད་ལ་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གིས་ཚེས་བཅུ་དྲུག་ཉིན་ཨུ་རུ་སི་དཀར་པོའི་རྒྱལ་ས་མེན་སི་ཁི་ནས་ཉིས་སྟོང་ཉི་ཤུ་ལོའི་རྒྱུན་སྲོལ་གྱི་གྲོས་མོལ་ཐོག་དང་པོ་སྤེལ། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་གསར་དུ་འགན་ཁུར་བའི་དམིགས་བསལ་འཐུས་མི་ཀི་ལའོ་ཡིས་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་ས་འོག་འགད་རྫས་གཙང་སེལ་བྱེད་པའི་འགུལ་སྐྱོད་ལ་ཤུགས་སྣོན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཀི་ལའོ་ཡིས་གྲོས་མོལ་བྱས་རྗེས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་འཁྲུག་རྩོད་ས་ཁུལ་གྱི་མི་སེར་དཀྱུས་མ་རྐྱེན་ལམ་དུ་ཤོར་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་ས་འོག་འགད་རྫས་འགས་གཏོར་བྱུང་བ་དེ་རེད་ཟེར། 

ཀི་ལའོ་ཡིས་བཤད་རྒྱུར། ཉིས་སྟོང་བཅུ་དགུ་ལོར་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་མི་སེར་དཀྱུས་མ་རྐྱེན་ལམ་དུ་ཤོར་བའི་ཁ་གྲངས་དེ་འཁྲུག་རྩོད་བྱུང་བའི་ཚུན་གྱི་ཆེས་དམའ་བའི་ཚད་དུ་བསླེབ་པ་དང་། ཉིས་སྟོང་ཉི་ཤུ་ལོའི་ཟླ་དང་པོར་ས་དེའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་འགལ་བའི་གནས་ཚུལ་ཉིས་སྟོང་བཅུ་དགུ་ལོའི་ལོ་མཇུག་ལས་ལྡབ་འགྱུར་གྱིས་ཇེ་ཉུང་དུ་སོང་ཡོད་ཟེར། ཁོ་མོས་ཉིས་སྟོང་བཅུ་དགུ་ལོའི་ལོ་མཇུག་ཏུ་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་གཞི་རྒྱ་ཆེ་བའི་མི་སྣའི་བརྗེ་སྤོར་བྱ་འགུལ་སྤེལ་བར་དགའ་བསུ་ཞུས་པ་དང་། དེ་ནི་འཁྲུག་རྩོད་ཕྱོགས་ཁག་སོ་སོའི་བར་གྱི་ཡིད་ཆེས་ཇེ་དྲག་ཏུ་འགྲོ་བའི་ཐོལ་བརྒལ་གྱི་རྒྱུ་རྐྱེན་ཞིག་ཡིན་པར་འདོད་ཡོད། 

ཀི་ལའོ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ཉིན་དེར་སྤེལ་བའི་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གི་བྱ་བའི་ཚན་ཆུང་གིས་གྲོས་མོལ་བྱེད་སྐབས། ཕྱོགས་སོ་སོས་དམག་དཔུང་ཕྱིར་འཐེན་བྱེད་པའི་གནས་སྔར་ལས་མང་བོ་འཛུགས་པ་དང་། བཟུང་དམག་བརྗེ་སྤོར་བྱེད་པ། འབྲེལ་མཚམས་བརྒལ་ནས་འཐུང་ཆུ་མཁོ་འདོན་བྱེད་པ། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་དམིགས་བསལ་གོ་གནས། ཧྲི་ཐེ་ཡུན་མེད་ཨར་རྣམ་པའི་མ་ཡིག་སོགས་གནད་དོན་ལ་གྲོས་བསྡུར་བྱས་པ་རེད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།