ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་དང་ཁཱ་ཐར་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བའི་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་ཕྱི་འབྲེལ་བློན་ཆེན་ཧཱ་ཅི་མུའུ་ཡིས་ཚེས་བཅོ་ལྔ་ཉིན་འཚམས་འདྲིར་ཡོང་བའི་ཁཱ་ཐར་གྱི་དབུ་བཞུགས་བློན་ཆེན་གཞོན་པ་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་མུའུ་ཧན་མའོ་ཏི་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

ཧཱ་ཅི་མུའུ་ཡིས་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ས་ཁུལ་རང་གི་གནས་བབ་གསར་བའི་འཕེལ་རྒྱས་ལ་གྲོས་བསྡུར་བྱས་པ་དང་། ཁྱད་པར་དུ་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཇི་ལྟར་ཞི་འཇགས་སུ་གཏོང་བ་དང་དབྱི་རག་དེ་འཁྲུག་རྩོད་བྱེད་སའི་གཡུལ་སར་འགྱུར་བར་སྔོན་འགོག་བྱེད་པར་གྲོས་བསྡུར་བྱས། ཧཱ་ཅི་མུའུ་ཡིས་བཤད་རྒྱུར། མུའུ་ཧན་མའོ་ཏི་ཡིས་ཁཱ་ཐར་གྱིས་དབྱི་ལིང་དང་ཨ་མེ་རི་ཁའི་ཛ་དྲག་གི་འབྲེལ་བ་ཞི་འཇགས་སུ་གཏོང་བར་འབད་བརྩོན་བྱེད་བཞིན་པ་མཚམས་སྦྱོར་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཕྱོགས་སོ་སོས་དབྱི་ལིང་གི་བདག་དབང་ལ་བརྩི་འཇོག་བྱེད་དགོས་པ་ནན་བཤད་བྱས། 

མུའུ་ཧན་མའོ་ཏི་ཡིས་བཤད་རྒྱུར། ཁཱ་ཐར་གྱིས་བལྟས་ན་ཕྱོགས་གཉིས་ཀྱིས་ལས་དོན་གྱི་འཕེལ་རྒྱས་ལ་ལྟ་ཚུལ་ཡང་དག་བཟུང་སྟེ་མིག་སྔའི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་དགོས་པར་འདོད། མིག་སྔར་གནས་བབ་ཞི་འཇགས་སུ་འགྲོ་བའི་སྣང་ཚུལ་བྱུང་ཡོད་ལ། ང་ཚོས་རྣམ་པ་དེ་སྲུང་འཛིན་བྱེད་འདོད་ཡོད་ཟེར། 

ཟླ་འདིའི་ཚེས་བཅུ་གཉིས་ཉིན། ཁཱ་ཐར་གྱི་མགོ་ཁྲིད་པ་ཐཱ་མུས་མུའུ་ཡིས་དབྱི་ལིང་དུ་འཚམས་འདྲི་བྱས་ཏེ། དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་མིག་སྔའི་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་བྱས། ཕྱོགས་གཉིས་ཀྱིས་འབྲེལ་འདྲིས་དང་གྲོས་མོལ་ཇེ་དྲག་ཏུ་བཏང་སྟེ་མཚོ་ཁུགས་ས་ཁུལ་གྱི་བདེ་འཇགས་ལ་ཤུགས་སྣོན་བྱེད་པར་ཡིད་འཐད་བྱུང་། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།