ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་ཨ་མེ་རི་ཁའི་དམག་དཔུང་བསྡད་ཡོད་པའི་དམག་དོན་རྟེན་གཞི་ཞིག་ལ་མེ་ཤུགས་འཕུར་མདའི་འཇབ་རྒོལ་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་ནང་སྲིད་པུའུ་ཡིས་བསྒྲགས་པ་ལྟར་ན། དབྱི་རག་གི་རྒྱལ་ས་པཱ་ཀ་ཏཱའི་བྱང་ངོས་ཀྱི་དམག་དོན་རྟེན་གཞི་ཞིག་ལ་ཚེས་བཅུ་བཞིའི་ཉིན་མེ་ཤུགས་འཕུར་མདའ་གཉིས་ཀྱི་འཇབ་རྒོལ་ཐེབས། དམག་དོན་རྟེན་གཞི་དེར་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་པའི་འགན་ཁུར་བའི་ཨ་མེ་རི་ཁའི་དཔོན་དམག་བཅའ་སྡོད་བྱས་ཡོད་ཟེར། 

དབྱི་རག་ནང་སྲིད་པུའུ་ཡི་དཔོན་རིགས་ཤིག་གིས་གསར་འགོད་པར་བཤད་རྒྱུར། མེ་ཤུགས་འཕུར་མདའ་གཉིས་ཀྱིས་ཚེས་བཅུ་བཞི་ཉིན་གྱི་དགོང་མོར་པཱ་ཀ་ཏཱའི་བྱང་ངོས་ཀྱི་སྤྱི་ལེ་ཉི་ཤུའི་མཚམས་སུ་ཡོད་པའི་ཐཱ་ཅི་དམག་དོན་རྟེན་གཞིར་འཇབ་རྒོལ་བྱས་ཟེར། 

དབྱི་རག་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། འཇབ་རྒོལ་དེ་ལས་མི་སྣར་ཤི་རྨས་བཟོས་མེད་ཟེར། མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས་མེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།