ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱའི་གྲོས་མི་བདུན་ལ་བཀག་སྡོམ་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཚེས་བཅུ་གསུམ་ཉིན་ཝེ་ནེ་ཙུའེ་ལཱའི་གྲོས་མི་བདུན་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས། 

ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཉིན་དེར་གསལ་སྒྲོག་ཅིག་ལས་བཀག་སྡོམ་བྱེད་པའི་མིང་ཐོ་ཁྱབ་སྒྲོག་བྱས། དེའི་ནང་ཚེས་ལྔ་ཉིན་ཝེ་ནེ་ཙུའེ་ལཱའི་གྲོས་ཁང་གི་ཀྲུའུ་ཞི་གསར་བར་བདམས་པའི་ཕཱ་ལཱ་འདུས་ཡོད། ཨ་མེ་རི་ཁའི་ནོར་སྲིད་བློན་ཆེན་མུའུ་ནོའུ་ཆན་གྱིས་གསལ་སྒྲོག་ལས་ཝེ་ནེ་ཙུའེ་ལཱའི་གྲོས་མི་བདུན་གྱིས་ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་ཡི་བཀོད་འདོམ་འོག་ཝེ་ནེ་ཙུའེ་ལཱའི་དམངས་གཙོའི་འཕེལ་རིམ་ལ་བཀག་འགོག་བྱེད་རྩིས་བྱས་པར་སྐྱོན་འཛུགས་བྱས། 

ཝེ་ནེ་ཙུའེ་ལཱའི་གྲོས་ཁང་གིས་ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོར་ཕཱ་ལཱ་ཡིས་བཀོད་པའི་གསལ་སྒྲོག་ཅིག་སྤེལ་ཏེ། ཨ་མེ་རི་ཁའི་ཕྱོགས་གཅིག་གི་བཀག་སྡོམ་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། རྒྱལ་ཁབ་གང་རུང་གིས་ཝེ་ནེ་ཙུའེ་ལཱའི་གྲོས་ཁང་གི་ལས་དོན་ལ་ཐེ་གཏོགས་བྱེད་པ་དང་ལེན་བྱེད་ཐབས་མེད་པ་ནན་བཤད་བྱས། 

གསལ་སྒྲོག་ལས་བཤད་རྒྱུར། ཟླ་དང་པའི་ཚེས་ལྔ་ཉིན། གྲོས་མི་མང་ཆེ་བ་ཞུགས་པའི་གནས་ཚུལ་འོག ཝེ་ནེ་ཙུའེ་ལཱའི་གྲོས་ཁང་གིས་ནང་ཁུལ་གྱི་སྐབས་བརྗེ་འདེམ་བསྐོའི་བྱ་འགུལ་སྤེལ་ཏེ། གྲོས་ཚོགས་ལ་ཞུགས་པའི་གྲོས་མི་དག་གིས་འདེམ་ཤོག་འཕངས་ཏེ་གྲོས་ཁང་གི་མགོ་ཁྲིད་གསར་བ་འདེམ་བསྐོ་བྱས། འབྲེལ་ཡོད་ལས་རིམ་དེ་བཅའ་ཁྲིམས་ཀྱི་གཏན་འཁེལ་དང་འཚམ་པ་དང་། འདེམ་ཤོག་འཕེན་པའི་མི་གྲངས་བཅའ་ཁྲིམས་ལས་གཏན་འཁེལ་བྱས་པའི་ཆེས་དམའ་བའི་མི་གྲངས་ལས་བརྒལ་ཡོད། 

ཕཱ་ལཱ་ཝེ་ནེ་ཙུའེ་ལཱའི་གྲོས་ཁང་གི་སྐབས་གསར་བའི་ཀྲུའུ་ཞིར་བདམས་ཐོན་བྱུང་རྗེས་བསྟན་དོན། ཧུར་ཐག་སྒོས་རྒྱལ་ནང་གི་འགལ་བ་ཞི་འཇགས་སུ་བཏང་སྟེ་རྒྱལ་ནང་གི་འགྲིག་མཐུན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
ཝེ་ནེ་ཙུའེ་ལཱའི་ངོ་རྒོལ་ཕྱོགས་ཁག་གི་ཁོངས་མི་གཙོ་བོ་བཀའ་དབྱེ་ཏའོ་ཉིན་དེའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་མེད་པར་མ་ཟད། འདེམ་ཤོག་འཕངས་པའི་མཇུག་འབྲས་ལ་ཁས་ལེན་མི་བྱེད་པའི་ཚུལ་བསྟན།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།