ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ལི་པུ་ཡཱའི་འཁྲུག་རྩོད་དང་འབྲེལ་བའི་གྲོས་མོལ་ལ་གྲུབ་འབྲས་ངེས་ཅན་ཐོབ་ཡོད་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། ལི་པུ་ཡཱའི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་ཉིན་དེར་ཨུ་རུ་སིའི་རྒྱལ་ས་མའོ་སི་ཁི་ནས་ལི་པུ་ཡཱའི་འཁྲུག་རྩོད་མཚམས་འཇོག་པའི་གནད་དོན་ཐད་ཀྱི་གྲོས་མོལ་ལ་གྲུབ་འབྲས་ངེས་ཅན་ཐོབ་ཡོད་ཟེར། 

ཨུ་རུ་སིའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཨུ་རུ་སི་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་དང་རྒྱལ་སྲུང་བློན་ཆེན་གྱིས་བར་འདུམ་པའི་འགན་ཁུར་ཡོད་པས། ལི་པུ་ཡཱའི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱི་མགོ་ཁྲིད་པས་ཚེས་བཅུ་གསུམ་ཉིན་མའོ་སི་ཁི་ནས་དུས་ཚོད་འགའི་རིང་བརྒྱུད་པའི་གྲོས་མོལ་བྱས། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་གྲོས་མོལ་གྱི་གྲུབ་འབྲས་ལ་སྤྱི་བསྡོམས་བྱེད་སྐབས་བཤད་རྒྱུར། གྲོས་མོལ་ལ་གྲུབ་འབྲས་ངེས་ཅན་བླངས་ཡོད་ཟེར། ལི་པུ་ཡཱའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གི་མགོ་ཁྲིད་པས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་པ་དང་། ལི་པུ་ཡཱའི་རྒྱལ་དམངས་དམག་དཔུང་གི་མགོ་ཁྲིད་པ་ཧཱ་ཧྥུའུ་ཐཱ་ཨར་གྱིས་གྲོས་མཐུན་དེར་ཞིབ་འཇུག་བྱེད་དགོས་པའི་ཚུལ་བསྟན་པ་དང་། ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར་ད་གཟོད་ཡི་གེ་འགོད་མིན་ཐག་གཅོད་བྱེད་ངེས་ཡིན་ཟེར། 

གྲོས་མཐུན་དེ་ལྟར་ན། ལི་པུ་ཡཱའི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་ངེས་པར་དུ་ཆ་རྐྱེན་མེད་པའི་སྒོ་ནས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དངོས་འབེབ་བྱེད་དགོས་པ་དང་། ཧུར་ཐག་སྒོས་རྒྱལ་ས་ཏི་ལེ་པའོ་ལི་དང་གྲོང་ཁྱེར་གཞན་པའི་གནས་བབ་ཞི་འཇགས་སུ་གཏོང་དགོས། དེ་ལས་གཞན་ཕྱོགས་གཉིས་ཀྱིས་ད་རུང་ལི་པུ་ཡཱའི་གནས་བབ་ཀྱི་འདུམ་འགྲིག་བྱ་བའི་ཚན་ཆུང་བཙུགས་ཏེ་ཟླ་འདིར་བྱ་བའི་ཚན་ཆུང་གི་གྲོས་མོལ་ཐོག་མ་སྤེལ་དགོས་པ་རེད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།