དབྱི་ལིང་གི་ཙུང་ཐུང་གིས་ཝུའུ་ཁི་ལན་གྱི་ཙུང་ཐུང་ལ་ཁ་པར་བཏང་སྟེ་འགྲུལ་སྐྱེལ་གནམ་གྲུ་སར་ཕངས་པའི་དོན་རྐྱེན་གྱི་འགན་ཁུར་བར་ཁྲིམས་ལྟར་ཐག་གཅོད་བྱེད་རྒྱུ་ཁས་ལེན་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ཚེས་བཅུ་གཅིག་ཉིན་གྱི་དགོང་མོར་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལིན་སི་ཅི་ལ་ཁ་པར་བཏང་སྟེ། ལུའུ་ཧཱ་ནེ་ཡིས་བསམ་བཞིན་མ་ཡིན་པར་ཝུའུ་ཁི་ལན་གྱི་འགྲུལ་སྐྱེལ་གནམ་གྲུ་སར་ཕངས་པའི་ཐད་ནས་དགོངས་དག་ཞུས་པར་མ་ཟད། འབྲེལ་ཡོད་འགན་ཁུར་བར་ཁྲིམས་ལྟར་ཐག་གཅོད་བྱེད་རྒྱུའི་ཚུལ་བསྟན། 

ལུའུ་ཧཱ་ནེ་ཡིས་ཐོག་མར་དབྱི་ལིང་མི་དམངས་ཀྱི་ཚབ་བྱས་ཏེ་དགོངས་དག་ཞུས། ཁོས་གནམ་གྲུ་སར་ལྷུང་བ་ནི་དབྱི་ལིང་དམག་ཕྱོགས་ཀྱི་ནོར་འཆུག་གི་འགུལ་སྐྱོད་ལ་བཟོས་པ་ཡིན་པ་ཁས་ལེན་བྱས། ཝུའུ་ཁི་ལན་གྱི་ཆེད་མཁས་ཚན་ཆུང་ལ་དགོས་ངེས་ཀྱི་རྒྱབ་སྐྱོར་ཡོད་ཚད་ཐོབ་ནས། དབྱི་ལིང་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀྱི་བཅའ་ཁྲིམས་དང་ལག་རྩལ་རིམ་པ་ནས་མཉམ་ལས་གང་ལེགས་བྱས་ཏེ་རྗེས་ཀྱི་བྱ་བ་བསྒྲུབ་པར་སྟབས་བདེ་བཟོ་རྒྱུ་ཡིན་ཟེར། ལུའུ་ཧཱ་ནེ་ཡིས་བསྟན་དོན། ཁོས་བཀའ་རྒྱ་བཏང་སྟེ་མྱུར་དུ་ཝུའུ་ཁི་ལན་ཕྱོགས་ལ་འདས་པོའི་བེམ་པོ་བརྒྱུད་སྤྲོད་བྱེད་དགོས་པའི་རེ་བ་བཏོན། 

ཙེ་ལིན་སི་ཅི་ཡིས་བསྟན་དོན། བདེན་དཔང་ནས་མངོན་པ་ལྟར་ན་ཝུའུ་ཁི་ལན་གྱི་འགྲུལ་སྐྱེལ་གནམ་གྲུ་སར་མ་འཕངས་གོང་རྒྱལ་སྤྱིའི་འཕུར་སྐྱོད་སྒྲིག་སྲོལ་དང་གནམ་གྲུ་ཐང་གི་མཛུབ་སྟོན་བརྩི་སྲུང་ནན་མོ་བྱས་ཏེ་འཕུར་བཞིན་ཡོད། དབྱི་ལིང་གིས་ནོར་འཆུག་དབང་གིས་ཝུའུ་ཁི་ལན་གྱི་འགྲུལ་སྐྱེལ་གནམ་གྲུ་སར་འཕངས་པར་ཁས་ལེན་བྱས་པ་དེས་སྔར་ལས་ལྷག་པའི་སྒོ་ནས་རྟོག་ཞིབ་བྱེད་པར་རྨང་འདིང་བཏིང་ཡོད། གང་མགྱོགས་སྒོས་འདས་པོའི་ཐོབ་ཐང་ངོས་འཛིན་དང་ཝུའུ་ཁི་ལན་ཕྱོགས་ཀྱི་འདས་པོའི་བེམ་པོ་ཝུའུ་ཁི་ལན་ལ་སྐྱེལ་དགོས་ཟེར། 

ཙེ་ལིན་སི་ཅི་ཡིས་བཤད་རྒྱུར། ཟླ་དང་པོའི་ཚེས་བཅུ་དགུ་ཉིན་གྱི་སྔོན་དུ་ཝུའུ་ཁི་ལན་ཕྱོགས་ཀྱི་འདས་པོའི་བེམ་པོ་ཝུའུ་ཁི་ལན་ལ་སྤྲོད་པར་གལ་འགངས་ཆེ་བ་དང་། ཝུའུ་ཁི་ལན་ཕྱི་འབྲེལ་པུའུ་ཡིས་དབྱི་ལིང་ལ་བྱ་བའི་གསལ་ཁྲ་ཞིག་སྤྲོད་རྒྱུ་ཡིན་ལ། དེའི་ནང་བཅའ་ཁྲིམས་དང་སྐྱིན་ཚབ་སྤྲོད་པའི་གནད་དོན་འདུས་ཡོད་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།