ཨ་ཧྥུའུ་ཧན་དུ་གངས་ཆེན་བབས་ཏེ་ཁང་བར་རྡིབས་སྐྱོན་བྱུང་ནས་ཉུང་མཐར་ཡང་མི་དགུ་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་སྲིད་གཞུང་གི་དཔོན་རིགས་ཀྱིས་ཚེས་བཅུ་གཉིས་ཉིན་བདེན་དཔང་བྱས་དོན། ཨ་ཧྥུའུ་ཧན་རྒྱལ་ཡོངས་སུ་ཁ་བ་ཆེན་པོ་བབས་ཏེ། གངས་མཐུག་པོ་ཆགས་པ་ལས་ས་ཁུལ་མང་བོའི་ཁང་བར་རྡིབས་སྐྱོན་བྱུང་བ་དང་། ཉུང་མཐར་ཡང་མི་དགུ་རྐྱེན་ལམ་དུ་ཤོར། 

ཨ་ཧྥུའུ་ཧན་ནུབ་ཕྱོགས་ཀྱི་ཧི་ལཱ་ཐི་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པ་ཧྥ་ཨར་ཧཱ་ཏི་ཡིས་གསར་འགོད་པར་བཤད་རྒྱུར། ཞིང་ཆེན་དེའི་དབྱིན་ཅི་ཨར་ས་ཁུལ་དུ་ཉིན་དེར་ཁང་བ་འགའ་རྡིབས་པ་དང་། མི་དྲུག་རྐྱེན་ལམ་དུ་ཤོར། ཨ་ཏི་ལཱ་སི་ཁན་ས་ཁུལ་ནས་མི་གཉིས་ལ་ཁང་བ་རྡིབས་པའི་དོན་རྐྱེན་ལས་རྐྱེན་ལམ་དུ་ཤོར། དེ་ལས་གཞན། ཁ་བ་ཆེན་པོ་བབས་པ་ལས་ཧི་ལཱ་ཐི་ནས་ཁྱིམ་མཚེས་ཞིང་ཆེན་དུ་འཐེན་པའི་མྱུར་བགྲོད་གཞུང་ལམ་ལ་གནོད་པ་ཐེབས་ཡོད། 

ཨ་ཧྥུའུ་ཧན་ཁན་ཏཱ་ཧཱ་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པ་ཨེ་ཧཱ་མེད་ཏིས་ཀྱིས་བཤད་རྒྱུར། ཉིན་དེའི་ཞོགས་པར་བུད་མེད་ཅིག་རང་ཁྱིམ་གྱི་ཁང་བ་རྡིབས་ནས་རྨས་ཕོག་པ་དང་། སྨན་ཁང་དུ་བསྐྱལ་རྗེས་གསོ་བཅོས་བྱས་ཀྱང་ཕན་མ་ཐོགས་པར་རྐྱེན་ལམ་དུ་ཤོར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།