ཕུའུ་ཅིན་གྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ཁཱ་ཐར་གྱི་མགོ་ཁྲིད་པར་ཁ་པར་བཏང་སྟེ་ལི་པུ་ཡཱའི་གནས་བབ་ལ་གྲོས་བསྡུར་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་གཅིག་ཉིན་སོ་སོར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨ་པུའུ་ཀྲ་པུས་རྒྱལ་རྒྱུད་མུའུ་ཧན་མའོ་ཏི་དང་ཁཱ་ཐར་གྱི་མགོ་ཁྲིད་པ་ཐཱ་མུས་མུའུ་གཉིས་ལ་ཁ་པར་བཏང་སྟེ། ལི་པུ་ཡཱའི་གནས་བབ་ཐད་ནས་གྲོས་བསྡུར་བྱས། 

བསྒྲགས་པ་ལྟར་ན། ཕུའུ་ཅིན་གྱིས་ཁ་པར་གཏོང་སྐབས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨ་པུའུ་ཀྲ་པུས་རྒྱལ་རྒྱུད་མུའུ་ཧན་མའོ་ཏི་ལ་ཁོ་དང་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གཉིས་ཀྱིས་ཚེས་བརྒྱད་ཉིན་དབྱི་སི་ཐན་པོར་ནས་སྤེལ་བའི་གྲོས་མོལ་མཇུག་འབྲས་བརྒྱུད་སྒྲོག་བྱས་པ་དང་། ལི་པུ་ཡཱའི་རྒྱལ་ནང་གི་འཁྲུག་རྩོད་མྱུར་དུ་མཚམས་འཇོག་པ་དང་། འཁྲུག་རྩོད་ཕྱོགས་ཁག་གཉིས་བར་གྱི་ཞི་བདེའི་འཕེལ་རིམ་མགོ་རྩོམ་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར། ཕྱོགས་གཉིས་ཀྱི་མགོ་ཁྲིད་པས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་རིམ་པ་སོ་སོའི་འབྲེལ་འདྲིས་སྲུང་འཛིན་བྱེད་རྒྱུའི་ཚུལ་བསྟན།
ཐཱ་མུས་མུའུ་ལ་ཁ་པར་གཏོང་སྐབས། ཕྱོགས་གཉིས་ཀྱིས་ལི་པུ་ཡཱའི་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱས་པར་མ་ཟད། མུ་མཐུད་དུ་འབྲེལ་འདྲིས་བྱེད་རྒྱུའི་ཚུལ་བསྟན། 

ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་བརྒྱད་ཉིན་དབྱི་སི་ཐན་པོར་ནས་འཚམས་འདྲིར་ཡོང་བའི་ཕུའུ་ཅིན་དང་གྲོས་མོལ་བྱས་ཏེ་མཉམ་འབྲེལ་གསལ་སྒྲོག་སྤེལ། ཕྱོགས་གཉིས་ཀྱིས་ལི་པུ་ཡཱའི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་ཟླ་འདིའི་ཚེས་བཅུ་གཉིས་ཉིན་ནས་ཞོགས་པ་ནས་བཟུང་འཁྲུག་རྩོད་མཚམས་འཇོག་དགོས་པ་དང་། གྲོས་མོལ་ལ་བརྟེན་ནས་ཉམས་ཉེན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།