ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་ཙུང་ཐུང་གིས་འགྲུལ་སྐྱེལ་གནམ་གྲུ་སར་འཕངས་པར་སྐྱིན་ཚབ་སྤྲོད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ཚེས་བཅུ་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་ལིང་གིས་ཝུའུ་ཁི་ལན་གྱི་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུ་སར་འཕངས་པར་སྐྱིན་ཚབ་སྤྲོད་རྒྱུ་ཡིན་ཟེར། 

ལུའུ་ཧཱ་ནེ་ཡིས་གསལ་སྒྲོག་ལས་བཤད་རྒྱུར། དབྱི་ལིང་དམག་ཕྱོགས་ཀྱི་བརྡར་གཅོད་ལ་ནོར་འཆུག་བྱུང་བའི་དབང་གིས་འཕུར་མདའ་གཏོང་འཕེན་བྱས་ཏེ་འགྲུལ་སྐྱེལ་གནམ་གྲུ་སར་འཕངས་པ་དང་། ཉེས་མེད་ཀྱི་མི་མང་བོར་གནོད་པ་བཟོས་ཡོད། དེ་ནི་ཡིད་སྐྱོ་ཞིང་ཀུ་ཡངས་གཏོང་ཐབས་མེད་པའི་ནོར་འཆུག་ཅིག་ཡིན་པ་དང་། དབྱི་ལིང་ཕྱོགས་ཀྱིས་འགན་འཁུར་བ་ངོས་བཟུང་བྱས་ཏེ་ཞུ་གཏུག་བྱེད་རྒྱུ་ཡིན་ཟེར། 

ལུའུ་ཧཱ་ནེ་ཡིས་དབྱི་ལིང་གི་ཚབ་བྱས་ཏེ་འགྲུལ་སྐྱེལ་གནམ་གྲུ་སར་འཕངས་པའི་དོན་རྐྱེན་དེར་ཡིད་འཕང་བའི་ཚུལ་བསྟན་པ་དང་། འདས་པོར་ལྷག་བསམ་རྣམ་དག་གིས་མྱ་ངན་ཞུས་པར་མ་ཟད། འབྲེལ་ཡོད་སྡེ་ཁག་སོ་སོས་དགོས་ངེས་ཀྱི་བྱེད་ཐབས་གང་རུང་སྤྱད་དེ་སྐྱིན་ཚབ་སྤྲོད་དགོས་པའི་བཀའ་རྒྱ་བཏང་། 

ཁོས་བཤད་རྒྱུར། དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་རོགས་ལས་བྱས་ཏེ་ཕྱི་རྒྱལ་གྱི་འདས་པོའི་བེམ་པོ་ངོས་བཟུང་དང་ཕྱིར་སྤྲོད་བྱེད་རྒྱུ་ཡིན་ཟེར། 

དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ཡིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། ཁོས་འགྲུལ་སྐྱེལ་གནམ་གྲུའི་སར་འཕངས་པའི་དོན་དེར་ཡིད་འཕང་བའི་ཚུལ་བསྟན་པ་དང་། ང་ཚོའི་མི་དམངས་དང་འདས་པོ་ཚང་མའི་ཁྱིམ་མི། གནོད་པ་ཐེབས་པའི་རྒྱལ་ཁབ་གཞན་པ་བཅས་ལ་སེམས་གཏིང་ནས་མྱ་ངན་ཞུ་བའི་ཞོར་དུ་དགོངས་དག་ཞུས་པ་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།