ཀྲུང་གོ་བོད་ཀྱི་དྲ་བ།

ཁུ་པཱ་ཡིས་ཨ་མེ་རི་ཁས་གནམ་གྲུ་གླས་ནས་ཁུ་པཱའི་གནམ་གྲུ་ཐང་དགུ་རུ་འགྲོ་བར་གཏན་འགོག་བྱས་པར་ངོ་རྒོལ་དྲག་པོ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཁུ་པཱའི་ཕྱི་འབྲེལ་བློན་ཆེན་ལོ་ཏི་ལི་ཀི་སི་ཡིས་ཚེས་བཅུ་ཉིན་ཨ་མེ་རི་ཁའི་སྲིད་གཞུང་གིས་གནམ་གྲུ་གླས་ནས་ཧཱ་ཝ་ནཱ་རྒྱལ་སྤྱིའི་གནམ་གྲུ་ཐང་མ་གཏོགས་པའི་ཁུ་པཱའི་གནམ་གྲུ་ཐང་གཞན་པ་དགུ་རུ་འགྲོ་བར་གཏན་འགོག་བྱེད་པའི་ཆོད་དོན་ལ་ངོ་རྒོལ་དྲག་པོ་བྱས། 

ལོ་ཏི་ལི་ཀི་སི་ཡིས་བཤད་རྒྱུར། ང་ཚོས་ཨ་མེ་རི་ཁ་སྲིད་གཞུང་གིས་ཁུ་པཱའི་ཧཱ་ཝ་ནཱ་མ་གཏོགས་པའི་གནམ་གྲུ་ཐང་གཞན་པར་འགྲོ་བར་གཏན་འགོག་བྱས་པར་ངོ་རྒོལ་དྲག་པོ་བྱེད་བཞིན་ཡོད་ཟེར། 

ལོ་ཏི་ལི་ཀི་སི་ཡིས་བསྟན་དོན། ཨ་མེ་རི་ཁའི་བཀག་སྡོམ་བྱེད་ཐབས་གསར་བས་ཨ་མེ་རི་ཁའི་མི་དམངས་ཀྱི་འགྲོ་མིའི་ཐོབ་ཐང་དང་རང་དབང་འགྲུལ་བཞུད་ཀྱི་ཁེ་དབང་བཙན་འཕྲོག་བྱས་ཏེ་ཁྱིམ་ཚང་ལྷན་འཛོམས་འབྱུང་བར་བཀག་འགོག་བྱས་ཡོད་ཟེར། 

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁབ་ཁང་གིས་ཚེས་བཅུ་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་འགྲིམ་འགྲུལ་པུའུ་ཡིས་བཀའ་རྒྱ་བཏང་སྟེ། ཨ་མེ་རི་ཁ་དང་ཁུ་པཱའི་རྒྱལ་སྤྱིའི་གནམ་གྲུ་ཐང་དགུའི་བར་གྱི་སྤྱི་བའི་གནམ་གྲུ་གླ་བའི་ཞབས་ཞུ་མཚམས་འཇོག་རྒྱུ་ཐག་བཅད་པ་དང་། ཧཱ་ཝ་ནཱ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འགྲོ་བར་གནམ་གྲུ་གླ་བའི་ཞབས་ཞུ་སོར་འཇོག་བྱེད་རྒྱུ་ཡིན་ལ། གནམ་གྲུ་ཐང་དེར་འགྲོ་བའི་གནམ་གྲུའི་ཁ་གྲངས་ལ་ཚད་བཀག་བྱས་ཡོད་ཟེར། གསལ་སྒྲོག་ལས་བྱ་སྤྱོད་དེ་ནི་ཁུ་པཱ་སྲིད་གཞུང་གིས་ན་ནིང་ཟླ་བཅུ་བའི་ཟླ་སྨད་ནས་བཟུང་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པའི་གནམ་གྲུ་གླ་བའི་ཞབས་ཞུའི་ཁྲོད་ནས་ཁེ་སྤོགས་ཐོབ་པར་བཀག་འགོག་བྱེད་ཆེད་རེད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།