ཀུའུ་ཐི་ལོས་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་ནི་སྔར་བཞིན་འཛམ་གླིང་ཐུན་མོང་གི་མཉམ་ལས་སྒྲོམ་གཞི་ཡིན་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་དགུའི་ཉིན་བཤད་རྒྱུར། མིག་སྔའི་འཛམ་གླིང་ཡོངས་ཀྱི་འགལ་བ་དང་ཟང་ཟིང་ཁྲོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་ནི་སྔར་བཞིན་ཐུན་མོང་ལ་དབང་ཞིང་ཐུན་མོང་གི་ཁེ་ཕན་བརྩོན་པའི་རྒྱལ་སྤྱིའི་མཉམ་ལས་ཀྱི་སྒྲོམ་གཞི་ཡིན་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་བརྩི་སྲུང་བྱས་ཏེ་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཞེས་པའི་མཐོ་རིམ་དཔྱད་བརྗོད་ཚོགས་འདུ་བསྡུས། ཀུའུ་ཐི་ལོས་སི་ཡིས་ཚོགས་ཐོག་ནས་བཤད་རྒྱུར། ལོ་གསར་བ་བསླེབ་ལ་ཉེ་བའི་སྐབས་སུ། མཚོ་ཁུགས་ས་ཁུལ་དུ་ཟང་ཟིང་གི་རྣམ་པ་གསར་བ་བྱུང་བ་དང་། ས་མཚམས་ཀྱི་ཆབ་སྲིད་ཛ་དྲག་གི་གནས་བབ་དེ་ཉེན་ཁའི་ཚད་དུ་བསླེབ་ཡོད། གནས་ཚུལ་འདི་འདྲའི་འོག ཁོས་སྒྲིག་ཡིག་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་བསྩལ་བའི་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་གཙོ་བོ་བསྐྱར་སྒྲོག་བྱེད་དགོས་ཟེར། 

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མིག་སྔའི་ཁོར་ཡུག་འོག་སྒྲིག་ཡིག་གི་རྩ་དོན་ལ་སྲུང་སྐྱོབ་བྱེད་ན། དོན་དངོས་དང་འཚམ་པའི་བྱེད་དགོས། ཁོས་འཁྲུག་རྩོད་སྔོན་འགོག་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས་ཤིང་། སྒྲིག་ཡིག་བེད་སྤྱད་དེ་གྲོས་མོལ་དང་བློ་འདྲི། བར་འདུམ། འདུམ་འགྲིག ཁྲིམས་འཛིན་ཐག་གཅོད་སོགས་དཔེ་རུ་དྲངས། ཁོས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སྒྲིག་ཡིག་ལས་བསྩལ་བའི་དབང་ཆ་བེད་སྤྱོད་གང་ལེགས་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཚོད་དཔག་བྱས་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་བརྩི་སྲུང་བྱས་ཏེ་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཞེས་པའི་མཐོ་རིམ་དཔྱད་བརྗོད་ཚོགས་འདུ་ཉིན་གཉིས་ལ་སྤེལ་རྒྱུ་ཡིན་པ་དང་། རྒྱལ་ཁབ་བརྒྱ་དང་བཅུའི་འཐུས་མི་ཚོགས་འདུར་ཞུགས་ནས་གཏམ་བཤད་སྤེལ་རྒྱུ་རེད། གྲོས་ཚོགས་ལ་ཞུགས་པའི་འཐུས་མི་དག་གིས་དཔྱད་བརྗོད་མ་བྱས་གོང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཀྲུའུ་ཞིའི་གསལ་སྒྲོག་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མས་སྒྲིག་ཡིག་བརྩི་སྲུང་ནན་མོ་བྱེད་དགོས་པའི་སྐུལ་མ་བཏང་བ་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཕྱོགས་མང་རིང་ལུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕྱོགས་མང་ལས་དོན་ཁྲོད་ནུས་པ་གཙོ་བོ་འདོན་སྤེལ་བྱེད་དགོས་པ་བསྐྱར་སྒྲོག་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།