ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པས་ཨ་མེ་རི་ཁའི་བར་གྱི་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་མཉམ་ལས་ལ་མུ་མཐུད་དུ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་སི་ལོ་མའོ་ལོ་ཐའོ་ཧྥུའུ་ཡིས་ཚེས་དགུ་ཉིན་བསྟན་དོན། ཨུ་རུ་སི་ཡིས་ཨ་མེ་རི་ཁ་དང་མཉམ་དུ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར། 

སི་ལོ་མའོ་ལའོ་ཐའོ་ཧྥུའུ་ཡིས་ཉིན་དེར་ཨུ་རུ་སིའི་འཕྲིན་གཏོང་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། མིག་སྔར་ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བའི་འཕེལ་རྒྱས་དེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁྲོད་གནས་པའི་གནད་དོན་མང་བོ་ཞིག་ལ་ཕན་ཐོགས་མེད་ཀྱང་། རྒྱལ་ཁབ་གཉིས་ཀྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཁྱབ་ཁོངས་ཀྱི་མཉམ་ལས་ནམ་ཡང་མཚམས་བཞག་མྱོང་མེད། ཨུ་རུ་སི་ཡིས་མུ་མཐུད་དུ་ཨ་མེ་རི་ཁའི་བར་གྱི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར། 

སི་ལོ་མའོ་ལའོ་ཐའོ་ཧྥུའུ་ཡིས་བཤད་རྒྱུར། ཅང་མ་འགོར་བའི་སྔོན་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ལ་ཁ་པར་གཏོང་སྐབས་ཨ་མེ་རི་ཁའི་གསང་འཕྲིན་སྡེ་ཁག་གིས་ཧྲིན་པིས་ཏི་པའོ་ཡི་འཇིགས་སྐུལ་འཇབ་རྒོལ་གྱི་གཡོ་ཇུས་ཕམ་ཉེས་སུ་གཏོང་བའི་ཁྲོད་རོགས་རམ་བྱས་པར་བཀའ་དྲིན་ཞུས་པ་དང་། རྒྱལ་ཁབ་གཉིས་ཀྱི་གསང་འཕྲིན་སྡེ་ཁག་གིས་དུས་རྒྱུན་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་གསང་འཕྲིན་མཉམ་བརྗེས་བྱེད་བཞིན་ཡོད་ཅིང་། ཆེད་ལས་དང་དགེ་སེམས་ལྡན་པའི་མཉམ་ལས་དེ་རིགས་ལས་མང་ཚོགས་ཀྱི་ཚེ་སྲོག་སྐྱོབ་བཞིན་ཡོད་ལ། དེ་ལས་ཨུ་རུ་སི་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་ཐད་ཀྱི་མཉམ་ལས་བརྡ་རྟགས་མཚོན་ཡོད་ཟེར། 

སི་ལོ་མའོ་ལའོ་ཐའོ་ཧྥུའུ་ཡིས་བསྟན་དོན། མིག་སྔར། ཨུ་རུ་སི་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་མགོ་ཁྲིད་རིམ་པ་དང་ཆེད་མཁས་པའི་རིམ་པ་ནས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་གྲོས་མོལ་རྐྱེན་སྲོལ་བཙུགས་པ་དང་། རྒྱལ་ཁབ་གཉིས་ཀྱིས་ཨུ་རུ་སི་དང་ཨ་མེ་རི་ཁ་དང་འཛམ་གླིང་གི་ས་ཁུལ་གཞན་པར་གནས་པའི་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་ཐད་ནས་དུས་རྒྱུན་བསམ་འཆར་བརྗེ་རེས་བྱེད་བཞིན་ཡོད་པར་མ་ཟད། ཕྱོགས་གཉིས་དང་ཕྱོགས་མང་བོའི་རིམ་པ་ནས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་དགོས་པ་ནན་བཤད་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།