ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གིས་ཝུའུ་ཁི་ལན་གྱི་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་བ་དེ་དབྱི་ལིང་གིས་ཨ་མེ་རི་ཁའི་དམག་དོན་རྟེན་གཞིར་འཇབ་རྒོལ་བྱས་པར་འབྲེལ་བ་མེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་གཞུང་ལམ་དང་གྲོང་ཁྱེར་འཕེལ་རྒྱས་པུའུ་ཀྲང་དབྱེ་སི་ལཱ་མུས་ཀྱིས་ཚེས་དགུའི་ཉིན་ཝུའུ་ཁི་ལན་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུ་ཚེས་བརྒྱད་ཉིན་ཏི་ཧེ་ལན་ནས་སར་ལྷུང་བ་དེ་དབྱི་ལིང་གིས་ཨ་མེ་རི་ཁའི་དབྱི་རག་ཏུ་སྡོད་པའི་དམག་དོན་རྟེན་གཞིར་འཕུར་མདའ་གཏོང་འཕེན་བྱས་པ་དང་འབྲེལ་བ་མེད་ཟེར། 

དབྱེ་སི་ལཱ་མུས་ཀྱིས་བཤད་རྒྱུར། བསྒྲགས་པའི་གནས་ཚུལ་ལས་འགྲུལ་སྐྱེལ་གནམ་གྲུར་འཇིགས་སྐུལ་འཇབ་རྒོལ་དང་འགས་གཏོར་ཐེབས་པ་ནི་དོན་རྐྱེན་དེའི་འབྱུང་རྐྱེན་ཡིན་སྲིད་པར་བཤད་ཀྱང་། དེ་ནི་དོན་དངོས་མིན་པ་དང་། ལག་རྩལ་གྱི་གནད་དོན་ནི་གནམ་གྲུ་སར་ལྷུང་བའི་རྒྱུ་རྐྱེན་ཡིན་ཟེར། 

དབྱེ་སི་ལཱ་མུས་ཀྱིས་བསྟན་དོན། གལ་ཏེ་བསྒྲགས་པ་ནང་བཞིན་འགས་གཏོར་འཇབ་རྒོལ་ཐེབས་པ་ཡིན་ན། གནམ་གྲུ་དེ་བར་སྣང་ནས་འགས་གཏོར་འབྱུང་སྲིད་ཀྱང་། དོན་དངོས་དེ་འདྲ་མ་ཡིན། གནམ་གྲུ་དེ་ལག་རྩལ་གནད་དོན་དབང་གིས་མེར་འབར་བ་དང་། འཕྲིན་གཏོང་དང་ཚོད་འཛིན་མ་ལག་གི་བྱེད་ནུས་མྱུར་དུ་ཉམས་པས་གནམ་གྲུ་སར་ལྷུང་བ་རེད་ཟེར། 

ཁོས་བཤད་རྒྱུར། དབྱི་ལིང་གིས་སར་ལྷུང་བའི་གནམ་གྲུའི་གཞི་གྲངས་སྒམ་ཆུང་དེ་ཨ་མེ་རི་ཁའི་པའོ་ཡུན་ཀུང་ཟི་དང་ཡང་ན་རྒྱལ་ཁབ་གཞན་པར་སྤྲོད་མི་སྲིད་ལ།  པའོ་ཡུན་ཀུང་ཟིའི་དབྱི་ལིང་གི་ལག་རྩལ་མི་སྣ་དང་ཆེད་མཁས་པས་དབྱི་ལིང་ནས་གཞི་གྲངས་སྒམ་ཆུང་གི་གཞི་གྲངས་སླར་གསོ་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།