ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཁི་ལན་གྱིས་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་བ་ནི་ཁ་ལོ་བྱེད་པར་ནོར་འཆུག་བྱུང་བ་མིན་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་ཟི་ཡིས་ཚེས་བརྒྱད་ཉིན་ཀུང་ཟི་དེའི་འགྲུལ་སྐྱེལ་གནམ་གྲུ་ཞིག་དབྱི་ལིང་ནས་སར་ལྷུང་བའི་ཐད་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ་བསྟན་དོན། གནམ་གྲུ་དེའི་སྟེང་གི་ལས་བྱེད་མི་སྣ་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པས། ཁ་ལོ་བྱེད་པར་ནོར་འཆུག་བྱུང་བ་ལས་གནམ་གྲུ་སར་ལྷུང་བ་མི་སྲིད་ཟེར། གཞན་ཡང་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་ཙུང་ལི་ཀུང་ཆཱ་ལུའུ་ཁི་ཡིས་ཉིན་དེར་བསྟན་དོན། ཝུའུ་ཁི་ལན་གྱིས་ཚེས་དགུ་ཉིན་ནས་དབྱི་ལིང་གི་མངའ་ཁོངས་བརྒྱུད་པའི་གནམ་གྲུ་ཚང་མ་མཚམས་འཇོག་ཏུ་བཅུག་ཡོད་ཟེར། 

ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་རུ་ཡོད་པའི་པའོ་ལི་སི་པའོ་ཨར་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། ཀུང་ཟི་དེའི་ཙུང་ཚེ་གཞོན་པ་དབྱེ་ཀི་ཨར་སོ་སི་ནོའུ་ཧྥུའུ་སི་ཅི་ཡིས་བཤད་རྒྱུར། ང་ཚོར་འབྱོར་བའི་གནས་ཚུལ་ནི་གནམ་གྲུ་དེ་རྨིད་སྟོང་གཉིས་དང་བཞི་བརྒྱའི་མཐོ་ཚད་དུ་འཕུར་ཡོད་པ་དང་། གནམ་གྲུའི་ཁ་ལོ་བར་ནོར་འཆུག་འབྱུང་བའི་ངེས་པ་ཧ་ཅང་ཆུང་། ང་ཚོས་ཁ་ལོ་བྱེད་ཐབས་ནོར་བ་ལས་གནམ་གྲུ་སར་ལྷུང་བ་ཕལ་ཆེར་མི་སྲིད། རྒྱུ་མཚན་ནི་ཁ་ལོ་བར་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་ཟེར། 

ཀུང་ཟིའི་ཙུང་ཚེ་ཏི་ཧི་ནེ་ཡིས་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། གནམ་གྲུ་དེའི་འཕུར་སྐྱོད་རྣམ་པ་རྒྱུན་པར་བཟང་བ་དང་། ཉེ་སྔོན་གྱི་རྒྱུན་སྲོལ་ཞིག་གསོ་ཟླ་དང་པོའི་ཚེས་དྲུག་ཉིན་བྱས་པ་ཡིན། མིག་སྔར་གནས་ཚུལ་གསལ་བོར་མི་ཤེས་པས་ཝུའུ་ཁི་ལན་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་ཟི་ཡིས་ཏི་ཧེ་ལན་བར་གྱི་གནམ་གྲུ་གཏོང་མཚམས་འཇོག་རྒྱུ་ཡིན་ཟེར། 

ཝུའུ་ཁི་ལན་གྱི་ཙུང་ལི་ཀུང་ཆཱ་ལུའུ་ཁི་ཡིས་ཉིན་དེར་ཅི་ཧྥུའུ་ནས་བསྟན་དོན། གནམ་གྲུ་སར་ལྷུང་བའི་རྒྱུ་རྐྱེན་ལ་རྟོག་ཞིབ་གསལ་བོ་མ་བྱས་གོང་། ཝུའུ་ཁི་ལན་གྱིས་ཚེས་དགུ་ཉིན་ནས་བཟུང་དབྱི་ལིང་གི་མཁའ་ཁོངས་བརྒྱུད་པའི་གནམ་གྲུ་གཏོང་མཚམས་འཇོག་རྒྱུ་ཡིན་ཟེར། ཁོས་གནམ་གྲུ་སར་ལྷུང་བའི་རྒྱུ་རྐྱེན་ལ་མྱུར་དུ་རྟོག་ཞིབ་བྱེད་དགོས་པའི་རེ་བ་བཏོན་པར་མ་ཟད། དཔྱད་ཞིབ་ཐོབ་མེད་པའི་གནས་ཚུལ་བསྒྲགས་མི་རུང་བའི་འབོད་སྐུལ་བཏང་། 

ཉིན་དེའི་ཞོགས་པར་ཝུའུ་ཁི་ལན་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཏི་ཧེ་ལན་གྱི་ཧའོ་མཱེ་ནེ་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ཉེ་འདབས་ནས་སར་ལྷུང་བ་དང་། གནམ་གྲུའི་སྟེང་གི་འགྲུལ་བ་བརྒྱ་དང་རེ་བདུན་དང་གནམ་གྲུའི་སྟེང་གི་ལས་བྱེད་མི་སྣ་དགུ་བཅས་ཚང་མ་རྐྱེན་ལམ་དུ་ཤོར། 

ཝུའུ་ཁི་ལན་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་ཟི་ཡིས་འགྲུལ་བ་བརྒྱ་དང་རེ་བདུན་གྱི་མིང་དང་སྐྱེས་ལོ་ཁྱབ་སྒྲོག་བྱས་ཀྱང་། འགྲུལ་བ་དེ་དག་རྒྱལ་ཁབ་གང་ནས་ཡིན་པ་བསྒྲགས་མེད། ཕྱོགས་སོ་སོས་བསྒྲགས་པའི་འགྲུལ་བ་དག་རྒྱལ་ཁབ་གང་གི་ཡིན་པའི་གནས་ཚུལ་ལ་ཁྱད་པར་ཅུང་ཆེན་པོ་ཡོད། དབྱི་ལིང་སྲིད་གཞུང་བྲེལ་མྱུར་གནས་ཚུལ་སྡེ་ཁག་གིས་སྤེལ་བའི་གནས་ཚུལ་ལྟར་ན། རྐྱེན་ལམ་དུ་ཤོར་བའི་མི་བརྒྱ་དང་བཞི་བཅུ་ལྷག་ནི་དབྱི་ལིང་གི་སྤྱི་དམངས་ཡིན་པ་དང་། ཕྱི་རྒྱལ་གྱི་སྤྱི་དམངས་སུམ་ཅུ་ལྷག་འདུས། དེའི་ནང་ཝུའུ་ཁི་ལན་གྱི་མི་བཅུ་གཅིག་ཡོད། གཞན་ཡང་བསྒྲགས་པ་ལྟར་ན། གནམ་གྲུའི་སྟེང་གི་འགྲུལ་བ་གྱ་གཉིས་དབྱི་ལིང་གི་སྤྱི་དམངས་ཡིན་པ་དང་། ཁཱ་ནཱ་ཏཱའི་མི་རེ་གསུམ་ཡོད་ལ། གནམ་གྲུའི་སྟེང་གི་ལས་བྱེད་མི་སྣ་འདུས་པའི་ཝུའུ་ཁི་ལན་གྱི་མི་བཅུ་གཅིག་ཡོད་ཟེར། 

བསྒྲགས་པ་ལྟར་ན། པའོ་ཡུན737རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་དེ་ཧའོ་མཱེ་ནེ་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་ཅི་ཧྥུའུ་རུ་འཕུར་རྩིས་ཡོད་པ་དང་། འཕུར་ནས་སྐར་མ་འགའི་རྗེས་སུ་ལག་རྩལ་གནད་དོན་དབང་གིས་གནམ་གྲུ་ཐང་གི་ཉེ་འདབས་སུ་སར་ལྷུང་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།