དབྱི་རག་གིས་དབྱི་ལིང་གིས་འཕུར་མདའ་གཏོང་འཕེན་བྱས་ཏེ་དབྱི་རག་གི་བདག་དབང་ལ་གནོད་པ་བཟོས་པར་རྒོལ་གཏམ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་ཙུང་ཐུང་སཱ་ལེ་ཧི་ཡིས་ཚེས་བརྒྱད་ཉིན་དབྱི་ལིང་གིས་འཕུར་མདའ་གཏོང་འཕེན་བྱས་པར་རྒོལ་གཏམ་བཏང་བ་དང་། ཕྱོགས་སོ་སོས་རང་ཚོད་བཟུང་ནས། སྔོན་ལ་གྲོས་མོལ་བྱེད་པར་བསམ་བློ་གཏོང་བ་ལས་ས་ཁུལ་དེ་འཐབ་འཁྲུག་གི་གནས་སུ་ཁྲིད་མི་རུང་བའི་འབོད་སྐུལ་བཏང་། 

དབྱི་རག་ཙུང་ཐུང་གི་གཞུང་སྒྲུབ་ཁང་གིས་ཚེས་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། སཱ་ལེ་ཧི་ཡིས་ས་ཁུལ་གྱི་གནས་བབ་འགྱུར་ལྡོག་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་དང་། དབྱི་ལིང་གིས་དབྱི་རག་མངའ་ཁོངས་ཀྱི་དམག་དོན་རྟེན་གཞིར་འཕུར་མདའི་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་སྟེ། དབྱི་རག་གི་རྒྱལ་ཁབ་བདག་དབང་གནོད་པ་བཟོ་བ་དང་དབྱི་རག་དེ་འཁྲུག་རྩོད་ཕྱོགས་ཁག་སོ་སོའི་གཡུས་སར་བསྒྱུར་མི་རུང་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། སཱ་ལེ་ཧི་ཡིས་ཕྱོགས་སོ་སོས་རང་ཚོད་འཛིན་དགོས་པ་དང་། སྔོན་ལ་གྲོས་མོལ་བྱེད་པར་བསམ་བློ་བཏང་སྟེ། ས་ཁུལ་དང་འཛམ་གླིང་གི་བདེ་འཇགས་ལ་འཇིགས་ཉེན་ཐེབས་པའི་འཐབ་འཁྲུག་བྱེད་མི་རུང་བའི་འབོད་སྐུལ་བཏང་། གསལ་སྒྲོག་ལས་བསྟན་དོན། རྒྱལ་སྤྱིའི་མནའ་འབྲེལ་དམག་དཔུང་དབྱི་རག་ཏུ་བཀོད་སྒྲིག་བྱས་པ་ནི་དབྱི་རག་སྲིད་གཞུང་དང་རྒྱལ་སྤྱིའི་མནའ་འབྲེལ་བར་བཀོད་པའི་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་གྲོས་མཐུན་གཞིར་བཟུང་བ་ཡིན་ལ། དམག་དཔུང་དེ་དག་གི་བཅའ་སྡོད་དང་ལས་དབང་ནི་དབྱི་རག་གི་ནང་སྲིད་གནད་དོན་ཡིན་ཟེར། 

དབྱི་རག་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ཧཱ་པུའུ་ཞེ་ཡིས་ཀྱང་ཉིན་དེར་གསལ་སྒྲོག་སྤེལ་ཏེ། སྲིད་གཞུང་གིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་དབྱི་རག་གི་བདག་དབང་ལ་གནོད་པ་ཐེབས་པར་སྲུང་སྐྱོབ་བྱེད་པ་དང་། དབྱི་རག་ནས་འཁྲུག་རྩོད་མི་འབྱུང་བར་བྱེད་དགོས་པའི་འབོད་སྐུལ་བཏང་། ཧཱ་པུའུ་ཞེ་ཡིས་དབྱི་ལིང་གིས་དབྱི་རག་གི་བདག་དབང་ལ་གནོད་པ་བཟོས་པར་རྒོལ་གཏམ་བཏང་བ་དང་། འཁྲུག་རྩོད་ཕྱོགས་ཁག་སོ་སོས་དབྱི་རག་བེད་སྤྱོད་བྱས་ཏེ་རང་རང་གི་དམིགས་ཡུལ་འགྲུབ་པར་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱས། 

དབྱི་རག་གི་ལྟ་སྐྱོང་སྲིད་གཞུང་གི་ཙུང་ལི་ཨ་པུའུ་ཏུའུ་ལེ་མེད་ཧི་ཏིས་ཀྱིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱི་ལིང་གིས་ཉིན་དེར་ཨ་མེ་རི་ཁའི་དམག་མི་བཅའ་སྡོད་བྱེད་པའི་དབྱི་རག་གི་རྟེན་གཞིར་འཕུར་མདའ་གཏོང་འཕེན་མ་བྱས་གོང་། གནས་ཚུལ་དེ་སྙན་ཞུ་བྱས་ཀྱང་། བར་སྣང་འཇབ་རྒོལ་བྱེད་སའི་རྟེན་གཞིའི་བྱེ་བྲག་གི་ས་གནས་གསལ་བོར་བསྒྲགས་མེད་ཟེར། ཨ་པུའུ་ཏུའུ་ལེ་མེད་ཧི་ཏིས་ཀྱིས་བསྟན་དོན། དབྱི་རག་གིས་རང་གི་བདག་དབང་ལ་གནོད་པ་བཟོ་བ་དང་རང་གི་མངའ་ཁོངས་ལ་བཙན་འཛུལ་བྱེད་པའི་བྱ་སྤྱོད་གང་རུང་དང་ལེན་བྱེད་མི་སྲིད་པ་དང་། སྲིད་གཞུང་གིས་མུ་མཐུད་དུ་གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱས་ཏེ་ཕྱོགས་ཁག་སོ་སོས་དབྱི་རག་གི་བདག་དབང་ལ་བརྩི་འཇོག་བྱེད་དགོས་པའི་རེ་བ་འདོན་རྒྱུ་ཡིན་ཟེར། 

དབྱི་རག་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡིས་ཚེས་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། ཉིན་དེའི་ཞོགས་པར། དབྱི་རག་ཏུ་འཕུར་མདའ་ཉེར་གཉིས་ཀྱི་འཇབ་རྒོལ་ཐེབས་པ་དང་། དེའི་ནང་འཕུར་མདའ་བཅུ་བདུན་ཨན་པཱ་ཨར་ཞིང་ཆེན་གྱི་ཨ་སཱ་ཏི་མཁའ་དམག་རྟེན་གཞིར་འཕངས་པ་དང་། གཞན་ཡང་འཕུར་མདའ་ལྔ་དབྱི་རག་གི་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་ལྟེ་གནས་གྲོང་ཁྱེར་ཨེ་ཨར་པུས་ལེ་རུ་ཡོད་པའི་རྒྱལ་སྤྱིའི་མནའ་འབྲེལ་གྱི་རྟེན་གཞིར་འཕངས་ཟེར། གསལ་སྒྲོག་ལས་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་ལས་དབྱི་རག་དམག་དཔུང་གི་མི་སྣར་ཤི་རྨས་ཐེབས་མེད་ཟེར། 

དབྱི་ལིང་གསར་འགྱུར་སྡེ་ཁག་གིས་ཚེས་བརྒྱད་ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་དམག་དཔུང་གིས་དབྱི་ལིང་གི་དམག་དོན་བཀོད་འདོམ་དཔོན་པོ་སུའུ་ལའེ་མན་ནེ་བསད་པར་འཁོན་ལན་སློག་ཆེད། དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གིས་ཚེས་བརྒྱད་ཉིན་གྱི་ཞོགས་པར་ཨ་མེ་རི་ཁའི་དམག་དཔུང་བཅའ་སྡོད་བྱེད་པའི་དབྱི་རག་གི་དམག་དོན་རྟེན་གཞི་གཉིས་ལ་འཕུར་མདའ་བཅུ་ཕྲག་འགའ་གཏོང་འཕེན་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།