ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལིང་ཕུའུ་ཡིས་དབྱི་ལིང་གི་འཇབ་རྒོལ་ལས་ཨ་མེ་རི་ཁའི་མི་སྣར་ཤི་རྨས་ཐེབས་མེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20200109100936HuLY.jpg

ཟླ་དང་པོའི་ཚེས་བརྒྱད་ཉིན། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཕོ་བྲང་དཀར་པོ་ནས་བརྙན་འཕྲིན་གཏམ་བཤད་སྤེལ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་བརྒྱད་ཉིན་བཤད་རྒྱུར། དབྱི་ལིང་གིས་ཨ་མེ་རི་ཁའི་དམག་དཔུང་བཅའ་སྡོད་བྱས་ཡོད་པའི་དབྱི་རག་གི་དམག་དོན་རྟེན་གཞིར་འཇབ་རྒོལ་བྱས་པ་ལས་ཨ་མེ་རི་ཁའི་མི་སྣར་ཤི་རྨས་ཐེབས་མེད་པ་དང་། ཨ་མེ་རི་ཁ་ཡིས་དབྱི་ལིང་ལ་དཔལ་འབྱོར་བཀག་སྡོམ་བྱེད་ཐབས་གསར་བ་ལག་བསྟར་བྱེད་རྒྱུ་ཡིན་ཡང་། དབྱི་ལིང་བར་ཐུན་མོང་གི་ཁེ་ཕན་མཉམ་ལས་སྤེལ་འདོད་ཡོད་ཟེར། 

ཐི་ལིང་ཕུའུ་ཡིས་ཉིན་དེའི་སྔ་དྲོར་ཕོ་བྲང་དཀར་པོ་ནས་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། སྔ་མོ་ནས་དམག་དཔུང་ཁ་ཐོར་དུ་གཏོང་བ་སོགས་སྔོན་འགོག་བྱེད་ཐབས་སྤྱད་པ་དང་ཕན་ནུས་ལྡན་པའི་སྒོ་ནས་ཉེན་གཏོང་མ་ལག་བེད་སྤྱོད་བྱས་པས། ཨ་མེ་རི་ཁ་དང་དབྱི་རག་གི་མི་གཅིག་ལའང་ཐེངས་འདིའི་འཇབ་རྒོལ་ཁྲོད་ཤི་རྨས་ཐེབས་མེད་པ་དང་། རྟེན་གཞི་ལ་གཏོར་བརླག་ཅུང་ཙམ་ཐེབས་པ་ཙམ་རེད་ཟེར། མིག་སྔར་དབྱི་ལིང་གིས་འཇབ་རྒོལ་བྱེད་མཚམས་བཞག་པ་དང་། དེ་འབྲེལ་ཡོད་ཕྱོགས་སོ་སོ་དང་འཛམ་གླིང་ཡོངས་ལ་མཚོན་ན་དོན་བཟང་ཞིག་རེད་ཟེར། 

ཐི་ལིང་ཕུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་མྱུར་དུ་དབྱི་ལིང་ལ་དཔལ་འབྱོར་བཀག་སྡོམ་བྱེད་ཐབས་གསར་བ་ལག་བསྟར་བྱས་ཏེ། དབྱི་ལིང་གིས་རང་གི་བྱེད་ཐབས་བསྒྱུར་རག་བར་དུ་བཀག་སྡོམ་བྱེད་ཐབས་རྒྱུན་འཁྱོངས་བྱེད་རྒྱུ་ཡིན། ཨ་མེ་རི་ཁ་ཕྱོགས་ཀྱིས་དྲག་ཤུགས་བཀོལ་འདོད་མེད་པ་དང་། ཨ་མེ་རི་ཁའི་དམག་དོན་དང་དཔལ་འབྱོར་སྟོབས་ཤུགས་ནི་ཕ་རོལ་ཟིལ་གྱིས་གནོན་པའི་བྱེད་ཐབས་ཆེས་བཟང་བོ་ཡིན་ཟེར། ཁོས་ད་རུང་བསྟན་དོན། ཨ་མེ་རི་ཁས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་བྱེད་ཐབས་དེ་དབྱི་ལིང་གི་ཁེ་ཕན་དང་འཚམ་པ་དང་། ཨ་མེ་རི་ཁ་དང་དབྱི་ལིང་ཕྱོགས་གཉིས་ཀྱིས་ཁྱབ་ཁོངས་དེ་དང་ཐུན་མོང་གིས་དོ་སྣང་བྱེད་པའི་ཁྱབ་ཁོངས་གཞན་པ་ནས་མཉམ་ལས་སྤེལ་འདོད་ཡོད་ཟེར། 

ཐི་ལིང་ཕུའུ་ཡིས་གཏམ་བཤད་སྤེལ་སྐབས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལ་ཆད་ལྷག་ཡོད་པར་སྐྱོན་འཛུགས་བྱས་པ་དང་། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འབྲེལ་ཡོད་ཕྱོགས་སོ་སོས་སྔོན་ཆད་ཀྱི་གྲོས་མཐུན་རྩ་བ་ནས་བསྐྱུར་ཏེ། གྲོས་མཐུན་གསར་བ་ཞིག་ཡང་བསྐྱར་གཏན་འབེབས་བྱེད་དགོས་ཟེར། ཁོས་བཤད་རྒྱུར། ཁོས་ཨ་མེ་རི་ཁའི་ཙུང་ཐུང་གི་འགན་ཁུར་བའི་སྐབས་སུ་དབྱི་ལིང་ལ་ཉིང་རྡུལ་ནུས་པའི་མཚོན་ཆ་ལྡན་པར་ཁས་ལེན་བྱེད་མི་སྲིད་ཟེར། 

ཐི་ལིང་ཕུའུ་ཡིས་ད་རུང་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་གཞན་པ་དག་དབུས་ཤར་ལས་དོན་ཁྲོད་ཞུགས་དགོས་པའི་འབོད་སྐུལ་བཏང་། ཁོས་བཤད་རྒྱུར། མིག་སྔར་ཨ་མེ་རི་ཁ་ནི་འཛམ་གླིང་སྟེང་གི་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀྱི་ཐོན་སྐྱེད་རྒྱལ་ཁབ་དང་པོ་ཡིན་པས། དབུས་ཤར་ས་ཁུལ་གྱི་རྡོ་སྣུམ་མི་མཁོ་བ་དང་། ཨ་མེ་རི་ཁའི་འཐབ་ཇུས་གཙོར་འཛིན་ནང་དོན་ལ་འགྱུར་ལྡོག་བྱུང་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།