ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སི་དང་དབྱི་ལིང་ཙུང་ཐུང་གིས་དབུས་ཤར་ས་ཁུལ་གྱི་ཛ་དྲག་གནས་བབ་ཐད་ནས་ཁ་པར་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཚེས་བདུན་ཉིན་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཉིན་དེར་དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་དང་མཉམ་དུ་དབུས་ཤར་ས་ཁུལ་གྱི་ཛ་དྲག་གནས་བབ་ཐད་ནས་ཁ་པར་གྲོས་མོལ་བྱས། 

སྤྱི་སྒྲོག་ལས་བཤད་རྒྱུར། མཱ་ཁི་ལུང་གིས་ལུའུ་ཧཱ་ནེ་ལ་ཧྥ་རན་སི་ཡིས་དབྱི་རག་དང་དབུས་ཤར་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཇེ་དྲག་ཏུ་སོང་བར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་དང་། ཧྥ་རན་སི་ཡིས་ས་ཁུལ་དེའི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བར་འབད་འབུངས་བྱེད་འདོད་ཡོད་ཟེར། མཱ་ཁི་ལུང་གིས་དབྱི་ལིང་གིས་སྔར་ལས་ལྷག་པའི་སྒོ་ནས་གནས་བབ་ཛ་དྲག་ཏུ་གཏོང་བར་སྔོན་འགོག་བྱེད་པའི་བྱེད་ཐབས་ནུས་ལྡན་སྤྱོད་དགོས་པར་མ་ཟད། གང་མགྱོགས་སྒོས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མཐུན་ཡང་བསྐྱར་ལག་བསྟར་བྱེད་པར་ཁས་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་། 

མཱ་ཁི་ལུང་གིས་བཤད་རྒྱུར། ཧྥ་རན་སི་ཡིས་དབྱི་རག་གི་བདག་དབང་དང་བདེ་འཇགས་ལ་བརྩི་འཇོག་བྱེད་བཞིན་ཡོད། ཨ་མེ་རི་ཁ་གཙོ་བྱས་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་གྱི་དམག་དཔུང་བཀོད་སྒྲིག་བྱས་པ་ལས་དབྱི་རག་གི་བདག་དབང་དང་བདེ་འཇགས་ལ་ཤུགས་སྣོན་བྱེད་ཐུབ་པ་དང་། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བ་ནི་དམིགས་འབེན་ཉག་ཅིག་ཡིན་ཟེར།
སྤྱི་སྒྲོག་ལས་ད་རུང་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་མ་འོངས་པའི་ཉིན་འགའི་ནང་དབུས་ཤར་ས་ཁུལ་གྱི་གནས་བབ་ཐད་ནས་མུ་མཐུད་དུ་འབྲེལ་འདྲིས་བྱེད་རྒྱུ་ཐག་བཅད། 

ཧྥ་རན་སིའི་རྒྱལ་སྲུང་བློན་ཆེན་ཕཱ་ལེ་ཡིས་ཚེས་བདུན་ཉིན་བཤད་རྒྱུར། ཧྥ་རན་སིའི་དམག་དཔུང་གི་མིག་སྔའི་ལས་འགན་གཙོ་བོ་སྔོན་ཆད་དང་འདྲ་བར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་རྒྱུ་དེ་ཡིན་པ་དང་། ལས་འགན་གཙོ་བོ་དེ་མ་འོངས་པར་ཡང་འགྱུར་མི་སྲིད་ཟེར། ཁོ་མོས་བསྟན་དོན། ཧྥ་རན་སིའི་དམག་ཕྱོགས་ཀྱིས་དབྱི་རག་ཏུ་སྡོད་པའི་དམག་དོན་མི་སྣའི་བདེ་འཇགས་དོགས་ཟོན་རིམ་པ་ཇེ་མཐོར་གཏོང་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།