ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་སི་རི་ཡཱ་རུ་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བདུན་ཉིན་སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀི་རུ་འཚམས་འདྲི་བྱས་པར་མ་ཟད་སི་རི་ཡཱའི་ཙུང་ཐུང་པཱ་ཧྲ་ཨར་དང་གྲོས་མོལ་བྱས། དེ་ནི་ཉིས་སྟོང་བཅུ་གཅིག་ལོར་སི་རི་ཡཱའི་ཉམས་ཉེན་བྱུང་བའི་ཚུན་ལ་ཕུའུ་ཅིན་གྱིས་ཐོག་དང་པོར་ཏཱ་མཱ་ཧྲི་ཀི་རུ་འཚམས་འདྲི་བྱས་པ་རེད། 

བསྒྲགས་པ་ལྟར་ན། ཕུའུ་ཅིན་དང་པཱ་ཧྲ་ཨར་གྱིས་ཏཱ་མཱ་ཧྲི་ཀི་རུ་ཡོད་པའི་ཨུ་རུ་སིའི་དམག་དཔུང་གི་དམག་སྒར་ཞིག་ནས་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་མཉམ་དུ་སི་རི་ཡཱ་རུ་སྡོད་པའི་ཨུ་རུ་སིའི་དམག་དཔུང་གི་བཀོད་འདོམ་དཔོན་པོའི་སྙན་ཞུ་ལ་ཉན་པར་མ་ཟད། སི་རི་ཡཱའི་གནས་བབ་དང་ས་ཁུལ་གྱི་གནས་བབ་གསར་བར་གྲོས་བསྡུར་བྱས། དབྱེ་ཏི་ལེ་པུའུ་ས་ཁུལ་དང་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་གྱི་གནས་བབ། འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ། སི་རི་ཡཱའི་ཆབ་སྲིད་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་སོགས་གྲོས་གཞི་འདུས་ཡོད། 

ཕུའུ་ཅིན་དང་པཱ་ཧྲ་ཨར་གྱིས་སི་རི་ཡཱ་རུ་སྡོད་པའི་ཨུ་རུ་སིའི་དམག་དཔུང་གི་དཔོན་དམག་ལ་ལོ་གསར་བའི་སྨོན་འདུན་ཞུས། པཱ་ཧྲ་ཨར་གྱིས་བསྟན་དོན། ཁོ་རང་ཉིད་དང་སི་རི་ཡཱའི་མི་དམངས་ཀྱིས་སི་རི་ཡཱའི་དམག་དཔུང་དང་མཉམ་དུ་འཐབ་འཛིང་བྱེད་པའི་ཨུ་རུ་སིའི་དམག་དཔུང་ལ་བཀའ་དྲིན་ཞུ་བཞིན་ཡོད་ཟེར། 

ཕུའུ་ཅིན་གྱིས་ཉིན་དེར་པཱ་ཧྲ་ཨར་གྱི་འགྲོ་རོགས་འོག་ཏཱ་མཱ་ཧྲི་ཀིའི་ཝེ་མཱ་ཡཱ་དབྱི་སི་ལན་ཆོས་ཁང་ལ་ལྟ་སྐོར་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།