ཡེ་མིན་ལྷོ་ཕྱོགས་ཀྱི་སྲིད་གཞུང་དམག་དཔུང་གི་རྟེན་གཞི་ཞིག་ལ་འཇབ་རྒོལ་ཐེབས་ཏེ་དམག་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་མིན་སྲིད་གཞུང་དམག་དཔུང་གིས་ལྷོ་ཕྱོགས་ཀྱི་ཏཱ་ལེ་ཨ་ཞིང་ཆེན་དུ་བཙུགས་ཡོད་པའི་དམག་དོན་རྟེན་གཞི་ཞིག་ལ་ཚེས་བདུན་ཉིན་ཧྲི་ཡེ་ཕྱོགས་ཁག་གི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་ཧུའུ་སེ་དྲག་ཆས་རྩ་འཛུགས་ཀྱི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་དམག་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ཉི་ཤུར་རྨས་ཕོག་ཡོད་ཟེར། 

ཡེ་མིན་གྱི་བདེ་འཇགས་དཔོན་པོས་གསར་འགོད་པར་བཤད་རྒྱུར། ཏཱ་ལེ་ཨ་ཞིང་ཆེན་གྱི་བྱང་ཕྱོགས་ས་ཁུལ་དུ་ཡོད་པའི་སྲིད་གཞུང་དམག་དཔུང་གི་རྟེན་གཞི་ཞིག་ལ་ཚེས་བདུན་ཉིན་ཧུའུ་སེ་དྲག་ཆས་པའི་འཕུར་མདའི་འཇབ་རྒོལ་ཐེབས་པ་དང་། སྐབས་ཐོག་དེར་དམག་མིས་སྦྱོང་བརྡར་བྱེད་བཞིན་ཡོད་ཟེར། གཞན་ཡང་གསར་འགོད་པས་སྲིད་གཞུང་དམག་དཔུང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཧུའུ་སེ་དྲག་ཆས་པས་མི་བསྡད་མེད་པའི་གནམ་གྲུ་བཀོལ་ནས་ཐེངས་འདིའི་འཇབ་རྒོལ་འགུལ་སྐྱོད་ལག་བསྟར་བྱས་པ་རེད་ཟེར། 

ཧུའུ་སེ་དྲག་ཆས་པས་གོང་གི་གནས་ཚུལ་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད། 

དེ་ནི་ཉིན་བཅུའི་ནང་ཏཱ་ལེ་ཨ་ཞིང་ཆེན་ནས་སྲིད་གཞུང་དམག་དཔུང་གི་དམིགས་འབེན་ལ་དམིགས་པའི་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་པ་རེད། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།