ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་གྲོས་ཁང་ནས་ཕྱི་རྒྱལ་གྱི་དམག་དཔུང་བཅའ་སྡོད་བྱེད་མཚམས་འཇོག་པའི་གྲོས་ཆོད་ལ་གྲོས་འཆམ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་རྒྱལ་དམངས་གྲོས་ཁང་གིས་ཚེས་ལྔ་ཉིན་དམིགས་བསལ་གྲོས་ཚོགས་བསྡུས་ཏེ། ཕྱི་རྒྱལ་གྱི་དམག་དཔུང་བཅའ་སྡོད་བྱེད་མཚམས་འཇོག་པའི་གྲོས་ཆོད་ལ་གྲོས་འཆམ་བྱུང་། 

དབྱི་རག་རྒྱལ་དམངས་གྲོས་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། གྲོས་ཚོགས་ལ་དབྱི་རག་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ཧཱ་པུའུ་ཞེ་ཡིས་མགོ་འཛིན་བྱས་ཤིང་། གྲོས་མི་བརྒྱ་དང་དོན་གཉིས་ཞུགས་ཡོད། ལྟ་སྐྱོང་སྲིད་གཞུང་གི་ཙུང་ལི་ཨ་པུའུ་ཏུའུ་ལེ་མེད་ཧི་ཏིས་ཀྱང་གྲོས་ཚོགས་ལ་ཞུགས། རྒྱལ་དམངས་གྲོས་ཁང་གི་གྲོས་མིས་འདེམ་ཤོག་འཕངས་ཏེ་ཕྱི་རྒྱལ་གྱི་དམག་དཔུང་གི་བཅའ་སྡོད་མཚམས་འཇོག་པའི་གྲོས་ཆོད་ལ་གྲོས་འཆམ་བྱུང་། 

གྲོས་ཆོད་ཀྱི་ནང་དོན་ལ་གཞིགས་ན། དབྱི་རག་སྲིད་གཞུང་གིས་དེའི་སྔོན་རྒྱལ་སྤྱིའི་མནའ་འབྲེལ་ལ་བཏང་བའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་བར་གྱི་འཐབ་འཁྲུག་ལ་རོགས་རམ་བྱེད་པའི་རེ་ཞུ་རྩིས་མེད་དུ་བཏང་བ་དང་། དབྱི་རག་སྲིད་གཞུང་གིས་ཕྱི་རྒྱལ་གྱི་དམག་དཔུང་བཅའ་སྡོད་བྱེད་མཚམས་འཇོག་ཏུ་འཇུག་དགོས་པར་མ་ཟད། ཕྱི་རྒྱལ་གྱི་དམག་དཔུང་དག་གིས་རྒྱུ་མཚན་གང་རུང་གིས་དབྱི་རག་གི་མངའ་ཁོངས་དང་མཚོ་ཁོངས། མཁའ་ཁོངས་བཅས་བེད་སྤྱོད་བྱེད་པ་གཏན་འགོག་བྱེད་རྒྱུ་རེད། 

གྲོས་ཆོད་ལས་དབྱི་རག་སྲིད་གཞུང་གིས་ཕྱི་འབྲེལ་བློན་ཆེན་འཐུས་ཚབ་ཏུ་བྱས་ཏེམཉམ་འབྲེལ་རྒྱལ་ཚོགས་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་ཨ་མེ་རི་ཁས་དབྱི་རག་གི་བདག་དབང་དང་བདེ་འཇགས་ལ་གནོད་པ་ཚབས་ཆེན་བཟོས་པའི་བྱ་སྤྱོད་ཐད་ནས་ཞུ་གཏུག་བྱེད་དགོས་པའི་འབོད་སྐུལ་བཏང་། གྲོས་ཆོད་ལས་ད་རུང་དབྱི་རག་སྲིད་གཞུང་གིས་ཨ་མེ་རི་ཁའི་བར་སྣང་འཇབ་རྒོལ་གྱི་གནས་ཚུལ་ཐད་ནས་རིམ་པ་ཆེས་མཐོ་བའི་རྟོག་ཞིབ་བྱ་འགུལ་སྤེལ་དགོས་པར་མ་ཟད། གྲོས་ཆོད་སྤེལ་བའི་ཉིན་དེ་ནས་བཟུང་ཉིན་བདུན་གྱི་ནང་རྟོག་ཞིབ་མཇུག་འབྲས་རྒྱལ་དམངས་གྲོས་ཁང་ལ་སྙན་ཞུ་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཨ་པུའུ་ཏུའུ་ལེ་མེད་ཧི་ཏིས་ཀྱིས་དམིགས་བསལ་གྲོས་ཚོགས་སྟེང་བཤད་རྒྱུར། ཨ་མེ་རི་ཁས་དབྱི་རག་ནས་དམག་དཔུང་ཕྱིར་འཐེན་བྱེད་པ་དེ་དབྱི་རག་དང་ཨ་མེ་རི་ཁའི་ཁེ་ཕན་ལ་འཚམ་པ་དང་། ཁྱད་པར་དུ་ཉེ་སྔོན་གྱི་གནས་བབ་འོག་ལྷག་ཏུ་གལ་འགངས་ཆེ་ཟེར། ཁོས་བསྟན་དོན། དབྱི་རག་དེ་འཁྲུག་རྩོད་དང་འཐབ་འཁྲུག་གི་གནས་ཤིག་ཏུ་འགྱུར་དུ་འཇུག་མི་རུང་ཟེར། 

དབྱི་རག་ཕྱི་འབྲེལ་པུའུ་ཡིས་དབྱི་རག་རྒྱལ་དམངས་གྲོས་ཁང་གིས་གྲོས་ཆོད་ལ་གྲོས་མཐུན་མ་བཀོད་གོང་གསལ་སྒྲོག་སྤེལ་ཏེ། དབྱི་རག་ཕྱི་འབྲེལ་པུའུ་ཡིས་དབྱི་རག་ཏུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཆེན་མོར་ཐུག་འཕྲད་བྱས། 

ཨ་མེ་རི་ཁ་གཙོ་བྱས་པའི་དབྱི་སི་ལན་རྒྱལ་ཁབ་ལ་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་གྱིས་གྲོས་ཆོད་ལ་གྲོས་འཆམ་བྱུང་རྗེས་གསལ་སྒྲོག་སྤེལ་ཏེ། རྒྱལ་སྤྱིའི་མནའ་འབྲེལ་གྱི་རྟེན་གཞི་མང་བོར་འཇབ་རྒོལ་ཐེབས་པའི་དབང་གིས་རྒྱལ་སྤྱིའི་མནའ་འབྲེལ་གྱིས་དབྱི་རག་དམག་དཔུང་གི་སྦྱོང་བརྡར་ལས་འགན་དང་རྒྱབ་སྐྱོར་བྱེད་མཚམས་འཇོག་རྒྱུ་ཡིན་ཟེར། དབྱི་རག་ཕྱི་འབྲེལ་པུའུ་ཡིས་ཨ་མེ་རི་ཁས་དབྱི་རག་གི་བདག་དབང་ལ་གནོད་པ་བཟོས་པའི་ཐད་ནས་མཉམ་འབྲེལ་རྒྱལ་ཚོགས་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་ཞུ་གཏུག་བྱས་པ་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཨ་མེ་རི་ཁའི་བར་སྣང་འཇབ་རྒོལ་དང་ལྐོག་གསོད་འགུལ་སྐྱོད་ལ་རྒོལ་གཏམ་གཏོང་དགོས་པའི་འབོད་སྐུལ་བཏང་། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།