ཀྲུང་གོ་བོད་ཀྱི་དྲ་བ།

མི་སྟོང་ཕྲག་འགའ་ཡིས་པཱ་ཀ་ཏཱ་ནས་སུའུ་ལའེ་མན་ནེ་ལ་དུར་མཆོད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།མི་སྟོང་ཕྲག་འགའ་ཡིས་ཚེས་བཞིའི་ཉིན་དབྱི་རག་གི་རྒྱལ་ས་པཱ་ཀ་ཏཱ་ནས་ཨ་མེ་རི་ཁའི་དམག་དཔུང་གི་བར་སྣང་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར་བའི་དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གི་ཁོངས་སུ་གཏོགས་པའི་ལྷ་མཁར་སྟོང་ཤོག་གི་བཀོད་འདོམ་དཔོན་པོ་སུའུ་ལའེ་མན་ནེ་དང་དབྱི་རག་ཧྲི་ཡེ་ཕྱོགས་ཁག་གི་དམངས་དམག་དྲག་ཆས་པ་མི་དམངས་སྐུལ་སློང་རྩ་འཛུགས་ཀྱི་བཀོད་འདོམ་དཔོན་པོ་གཞོན་པ་མུའུ་ཧན་ཏིས་སི་གཉིས་ལ་དུར་མཆོད་བྱས། 

དུར་མཆོད་བྱ་འགུལ་གྱི་བདེ་འཇགས་ལ་འགན་སྲུང་བྱེད་ཆེད།པཱ་ཀ་ཏཱའི་གཞུང་ལམ་དང་ཟམ་པ་གཙོ་བོ་དག་སྔ་མོ་ནས་བཀག་སྡོམ་བྱས་ཡོད།པུར་སྒམ་དྲུད་པའི་རླངས་འཁོར་རུ་ཁག་པཱ་ཀ་ཏཱའི་བྱང་ངོས་ཀྱི་ཁཱ་ཏིས་མུས་ཡཱ་ས་ཁུལ་ནས་ལམ་དུ་ཆས་ཏེ།པཱ་ཀ་ཏཱ་གྲོང་ཁྱེར་ལྟེ་གནས་སུ་སོང་བ་དང་།མི་སྟོང་ཕྲག་འགའ་རླངས་འཁོར་རུ་ཁག་གི་ཉེ་འཁོར་དུ་འདུས་ནས་ཨ་མེ་རི་ཁར་ངོ་རྒོལ་བྱེད་པའི་ཁ་གཡང་མཐོན་པོར་བསྒྲགས། 

དབྱི་རག་ལྟ་སྐྱོང་སྲིད་གཞུང་གི་ཙུང་ལི་ཨ་པུའུ་ཏུའུ་ལེ་མེད་ཧི་ཏིས་དང་སྲིད་ཏང་གཙོ་བོའི་འགན་ཁུར་བ། པུའུ་ཀྲང་འགའ། དེ་མིན་དབྱི་རག་སྲིད་གཞུང་དམག་དཔུང་དང་མི་དམངས་སྐུལ་སློང་རྩ་འཛུགས་ཀྱི་བཀོད་འདོམ་དཔོན་པོ་སོགས་ཀྱང་དུར་མཆོད་རུ་དཔུང་ནང་ཞུགས་ཡོད། 

ས་དེའི་གསར་འགྱུར་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན།པུར་སྒམ་དྲུད་པའི་རླངས་འཁོར་རུ་ཁག་དེ་དབྱི་རག་ལྷོ་ཕྱོགས་ཀྱི་ཧྲི་ཡེ་ཕྱོགས་ཁག་གི་ལྷ་མཁར་ཁཱ་ཨར་པཱ་ལཱ་དང་ནཱ་ཅེ་ཧྥུའུ་རུ་འགྲོ་རྒྱུ་ཡིན་པ་དང་།མུའུ་ཧན་ཏིས་སིའི་བེམ་པོ་ནཱ་ཅེ་ཧྥུའུ་ནས་དུར་འཇུག་བྱེད་རྒྱུ་ཡིན་པ་དང་། སུའུ་ལའེ་མན་ནེ་ཡི་བེམ་པོ་དབྱི་ལིང་དུ་བསྐྱལ་ནས་དུར་འཇུག་བྱེད་རྒྱུ་རེད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།