ཀྲུང་གོ་བོད་ཀྱི་དྲ་བ།

ཉིས་སྟོང་བཅུ་དགུའི་ལོར་བསྡོམས་པས་ཨ་ཧྥུའུ་ཧན་མི་སེར་དཀྱུས་མ་སྟོང་གཉིས་དང་ཉིས་བརྒྱ་ལྷག་ཐཱ་ལེ་པན་གྱི་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཨ་ཧྥུའུ་ཧན་ནང་སྲིད་པུའུ་ཡིས་ཚེས་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ།ཉིས་སྟོང་བཅུ་དགུའི་ལོར་རྒྱལ་ཡོངས་སུ་བསྡོམས་པས་མི་སེར་དཀྱུས་མ་སྟོང་གཉིས་དང་ཉིས་བརྒྱ་ལྷག་ཐཱ་ལེ་པན་དྲག་ཆས་པས་བཟོས་པའི་རིགས་སྣ་ཚོགས་ཀྱི་འཇབ་རྒོལ་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར།ཐཱ་ལེ་པན་དྲག་ཆས་པས་ཉིས་སྟོང་བཅུ་དགུའི་ལོར་འཇབ་རྒོལ་དོན་རྐྱེན་མང་དུ་བཟོས་ཤིང་།དེའི་ནང་རང་སྲོག་གཅོད་པའི་འཇབ་རྒོལ་དོན་རྐྱེན་དང་འགད་རྫས་འགས་གཏོར་འཇབ་རྒོལ།ངེས་མེད་ཀྱི་འཇབ་རྒོལ་དོན་རྐྱེན་སོགས་འདུས།བསྡོམས་པས་མི་སེར་དཀྱུས་མ་སྟོང་གཉིས་དང་ཉིས་བརྒྱ་བཅུ་དགུ་རྐྱེན་ལམ་དུ་ཤོར་བ་དང་།མི་སེར་དཀྱུས་མ་སྟོང་ལྔ་དང་བརྒྱ་དང་དོན་གཉིས་ལ་རྨས་ཕོག་ཡོད་ཟེར། 

གསལ་སྒྲོག་ལས་ཨ་ཧྥུའུ་ཧན་ནང་སྲིད་པུའུ་ཡིས་མི་སེར་དཀྱུས་མར་དམིགས་པའི་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་ལ་རྒོལ་གཏམ་བཏང་བ་དང་། མི་སེར་དཀྱུས་མར་འཇབ་རྒོལ་བྱེད་པ་ནི་འཐབ་འཁྲུག་ཉེས་སྤྱོད་ཡིན་པར་འདོད།དུས་ཡུན་རིང་བོར།ཐཱ་ལེ་པན་དྲག་ཆས་པས་དུས་རྒྱུན་འགད་རྫས་དང་ས་འོག་འགད་རྫས། ལམ་འགྲམ་གྱི་འགད་རྫས་འགས་གཏོར་དང་རང་སྲོག་གཅོད་པའི་འགས་གཏོར་སོགས་བཀོལ་ནས་ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་དང་ཨ་ཧྥུའུ་ཧན་དུ་སྡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་མཉམ་འབྲེལ་དམག་དཔུང་ལ་འཇབ་རྒོལ་བྱེད་བཞིན་ཡོད་པ་དང་།མི་སེར་དཀྱུས་མ་མང་བོར་འཇབ་རྒོལ་དོན་རྐྱེན་དེ་དག་གི་ཁྲོད་དུ་ཤི་རྨས་ཐེབས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།