ཀྲུང་གོ་བོད་ཀྱི་དྲ་བ།

ཧིན་རྡུ་ཉི་ཞི་ཡཱ་རུ་ཆུ་ལོག་གི་གནོད་འཚེ་བྱུང་སྟེ་མི་ཞེ་གསུམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་ཁབ་གནོད་འགོག་ཁང་གིས་ཚེས་གསུམ་ཉིན་སྤྱི་སྒྲོག་སྤེལ་ཏེ། རྒྱལ་ས་ཡཱ་ཅཱ་ཏཱ་དང་དེའི་ཉེ་འཁོར་ས་ཁུལ་དུ་ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་གྱི་དགོང་མོ་ནས་བཟུང་བསྟུད་མར་དྲག་ཆར་བབས་ཏེ་ཆུ་ལོག་གི་གནོད་འཚེ་བྱུང་བ་དང་། ཉིས་སྟོང་ཉི་ཤུ་ལོའི་ཟླ་དང་པོའི་ཚེས་གསུམ་ཉིན་གྱི་སྔ་དྲོའི་དུས་ཚོད་དགུའི་བར། ཆུ་ལོག་གི་གནོད་འཚེ་དེ་ལས་མི་ཞེ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་འབུམ་བཞི་ཙམ་བདེ་འཇགས་ས་ཁུལ་དུ་ཕྱིར་འཐེན་བྱས་ཡོད་ཟེར། 

ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་ཁབ་གནོད་འགོག་ཁང་གི་མགྲིན་ཚབ་པ་ཨ་ཀུའུ་སི་ཡིས་ཚེས་གསུམ་ཉིན་ཁྱབ་སྒྲོག་བྱས་པའི་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཡཱ་ཅཱ་ཏཱ་དང་དེའི་ཉེ་འཁོར་གྱི་ཞང་དང་གྲོང་རྡལ་བརྒྱ་དང་བརྒྱད་ཀྱི་སྲིད་འཛིན་སྡེ་བ་སུམ་བརྒྱ་དང་གསུམ་ལ་ཆུ་ལོག་གི་གནོད་འཚེ་ཐེབས་ཡོད་ཅིང་། ཡཱ་ཅཱ་ཏཱ་ཉེ་འདབས་ཀྱི་ཝུའུ་ཅཱ་སི་དང་ཐང་ཀི་ལིང་། ཏི་པའོ་སོགས་ས་ཁུལ་སྐོར་ཞིག་གིས་གཟའ་འཁོར་གཅིག་ནས་གཟའ་འཁོར་གཉིས་ནང་དོགས་ཟོན་མཐོར་འདེགས་བྱེད་རྒྱུ་ཁྱབ་སྒྲོག་བྱས། 

ཨ་ཀུའུ་སི་ཡིས་བཤད་རྒྱུར། དྲག་ཆར་དང་ཆུ་ལོག་ལས་མི་ཞེ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་མི་བཅུ་བདུན་ཆུ་ལོག་གིས་འཁུར་ནས་ཤི་བ་དང་། མི་བཅུ་གཉིས་རི་ཉིལ་བའི་འོག་ཏུ་མནན་ཡོད། ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་ཁབ་གནོད་འགོག་ཁང་གིས་རྒུད་སྐྱོབ་མི་སྣ་སྟོང་གཅིག་དང་བཞི་བརྒྱ་ལྷག་མངག་གཏོང་བྱས་པ་དང་། ས་དེའི་དམག་དཔུང་དང་ཉེན་རྟོག་པ། དང་བླངས་མཁན། སྲིད་གཞུང་ལས་ཁུངས་ཀྱི་མི་སྣ་བཅས་ཀྱིས་མཉམ་འབྲེལ་བྱས་ཏེ་གནོད་འགོག་དང་རྒུད་སྐྱོབ་བྱ་བ་སྤེལ་བཞིན་ཡོད། 

ཨ་ཀུའུ་སི་ཡིས་ད་རུང་བཤད་རྒྱུར། ཧིན་རྡུ་ཉི་ཞི་ཡཱའི་གནམ་གཤིས་བརྟག་དཔྱད་སྡེ་ཁག་གིས་སྔོན་དཔག་བྱས་པ་ལྟར་ན། ཡཱ་ཅཱ་ཏཱ་དང་དེའི་ཉེ་འཁོར་ས་ཁུལ་དུ་མ་འོངས་པའི་ཉིན་འགའི་ནང་ཆར་བ་འབྲིང་ནས་ཆར་ཆེན་འབབ་རྒྱུ་ཡིན་པ་དང་། ས་ཁུལ་མང་བོར་ཡང་བསྐྱར་ཆུ་ལོག་དང་རི་ཉིལ་བའི་དོན་རྐྱེན་འབྱུང་བའི་ཉེན་ཁ་ཡོད་པས། ས་དེའི་མང་ཚོགས་ཀྱིས་དོགས་ཟོན་མཐོར་འདེགས་བྱེད་དགོས་པའི་རེ་བ་བཏོན་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།