ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲི་རི་ཡཱའི་དབུས་ཕྱོགས་ཀྱི་སྡེ་བ་ཞིག་ལ་འཇབ་རྒོལ་ཐེབས་ཏེ་ཉུང་མཐར་ཡང་མི་བཅུ་དགུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེ་ཀྲི་རི་ཡཱའི་ཉེན་རྟོ་ཕྱོགས་ཀྱིས་ཚེས་དགུའི་ཉིན་བདེན་དཔང་བྱས་དོན། ནེ་ཀྲི་རི་ཡཱའི་དབུས་ཕྱོགས་ཀྱི་ཁི་ཅི་ཀྲིག་གི་སྡེ་བ་ཞིག་ལ་ཚེས་གཉིས་ཉིན་གྱི་དགོང་མོར་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་བཅུ་དགུ་རྐྱེན་ལམ་དུ་ཤོར། 

ཁི་ཅི་ཀྲིག་གི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་ཨ་ནེ་ཡཱ་ཡིས་གསར་འགོད་པར་བཤད་རྒྱུར། དྲག་ཆས་ཉེས་ཅན་སྐོར་ཞིག་ཚེས་གཉིས་ཉིན་གྱི་དགོང་མོར་འཕྲུལ་རྟར་ཞོན་ནས་ཐཱ་ཝ་ལི་སྡེ་བར་ཡོང་ནས་སྡེ་དམངས་ལ་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་བཅུ་དགུ་རྐྱེན་ལམ་དུ་ཤོར། དྲག་ཆས་ཉེས་ཅན་དེ་དག་གིས་ད་རུང་ཚོ་དཔོན་གྱི་སྡོད་གནས་དང་གསོལ་འདེབས་བྱེད་ས་སོགས་འདུས་པའི་ཁང་བ་མང་བོ་མེར་བཏང་། ཉེན་རྟོག་ཕྱོགས་ཀྱིས་འཇབ་རྒོལ་ཐེབས་པའི་སྡེ་བར་དམག་དཔུང་བཀོད་སྒྲིག་བྱས་ཏེ་འཇབ་རྒོལ་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ལ། འཇབ་རྒོལ་དོན་རྐྱེན་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་བཞིན་ཡོད། 

ཨ་ནེ་ཡཱ་ཡིས་བཤད་རྒྱུར། དེ་ནི་ཉེ་བའི་ལོ་འགའི་རིང་སྡེ་བ་དེ་ནས་བྱུང་བའི་དྲག་ཆས་འཇབ་རྒོལ་དོན་རྐྱེན་ཐོག་མ་རེད་ཟེར། 

སྡེ་མི་ཞིག་གིས་གསར་འགོད་པར་བཤད་རྒྱུར། དྲག་ཆས་ཉེས་ཅན་བརྒྱ་ལྷག་ཚེས་གཉིས་ཉིན་གྱི་དགོང་མོར་སྡེ་བ་དེར་ཡོང་ནས། ཚེས་གསུམ་ཉིན་གྱི་ཞོགས་པའི་བར་འཇབ་རྒོལ་བྱ་འགུལ་སྤེལ། དྲག་ཆས་ཉེས་ཅན་དེ་དག་གིས་གདམ་གསེས་ཡོད་པའི་སྒོ་ནས་ཁང་བ་རེ་འགའི་ནང་སོང་ནས་སྡེ་དམངས་ལ་འཇབ་རྒོལ་བྱས་པ་དང་། ཟས་རིགས་འཕྲོག་པར་མ་ཟད་ཁང་བ་མེར་བཏང་བ་རེད་ཟེར། 

ཁི་ཅི་ཀྲིག་གི་ཀྲིག་ཀྲང་ཡེ་ཧེ་ཡཱ་པེ་ལོ་ཡིས་ཚེས་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་བཏང་བར་མ་ཟད། བདེ་འཇགས་སྡེ་ཁག་གིས་འཇབ་རྒོལ་མཁན་གྱི་རྗེས་འདེད་བྱེད་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།