ཨུ་རུ་སིའི་དམག་དཔུང་གིས་ཉིས་སྟོང་ཉི་ཤུའི་ལོར་སྦྱོང་བརྡར་རྒྱ་ཆེར་སྤེལ་རྒྱུ་མ་ཟད་རིམ་འཕར་སྒྲིག་ཆས་སྒྲིག་སྦྱོར་བྱེད་རྒྱུའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་གསུམ་ཉིན་བསྟན་དོན། ཉིས་སྟོང་ཉི་ཤུའི་ལོར་ཨུ་རུ་སིའི་འཐབ་ཇུས་མེ་ཤུགས་འཕུར་མདའི་དམག་དཔུང་གིས་སྦྱོང་བརྡར་ཐེངས་ཉིས་བརྒྱ་ཙམ་ཡོངས་འགྲུབ་བྱེད་རྒྱུ་ཡིན་པ་དང་། ཨུ་རུ་སིའི་སྐམ་དམག་གིས་རིགས་སྣ་ཚོགས་ཀྱི་འཁྲབ་ལྡན་འཁོར་ལོ་སུམ་བརྒྱ་ལྷག་དང་ལེན་བྱེད་རྒྱུ་ཡིན་ཟེར། 

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་གསུམ་ཉིན་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། ཉིས་སྟོང་བཅུ་དགུའི་ལོར་ཨུ་རུ་སིའི་འཐབ་ཇུས་མེ་ཤུགས་འཕུར་མདའི་དམག་དཔུང་གིས་དམག་སྤྱི་ཁང་གི་སྦྱོང་བརྡར་དང་འཐབ་རྩལ་སྦྱོང་བརྡར་བཅས་བསྡོམས་པས་ཐེངས་ཉིས་བརྒྱ་ཙམ་ལག་བསྟར་བྱས་ཏེ། གཡུལ་སའི་བཀོད་འདོམ་མི་སྣའི་ཡུལ་དངོས་ཀྱི་འཐབ་འཛིང་ནུས་པ་ཇེ་མཐོར་བཏང་། ཉིས་སྟོང་ཉི་ཤུའི་ལོར་ཨུ་རུ་སིའི་འཐབ་ཇུས་མེ་ཤུགས་འཕུར་མདའི་དམག་དཔུང་གི་སྦྱོང་བརྡར་ཁ་གྲངས་དེ་ཉིས་སྟོང་བཅུ་དགུའི་ལོ་དང་ཕལ་ཆེར་མཉམ་སྲིད་པ་དང་། དེའི་ནང་གཞི་རྒྱ་ཅུང་ཆེ་བའི་སྦྱོང་བརྡར་ཐེངས་འགའ་དམག་སྤྱིའི་ཐད་ཀར་དུ་བཀོད་འདོམ་འོག་སྤེལ་རྒྱུ་ཡིན་ལ། ཨུ་རུ་སིའི་ལྷོ་ནུབ་ཕྱོགས་ཀྱི་ཨོ་ལོན་པའོ་ཀྲིག་དང་ཞི་པའོ་ལེ་ཡཱ་ས་ཁུལ་གྱི་དབྱེ་ཨར་ཁུའུ་ཚི་ཁི་ཀྲིག་ནས་ལག་བསྟར་བྱེད་རྒྱུ་ཡིན་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། ཉིས་སྟོང་ཉི་ཤུའི་ལོར་ཨུ་རུ་སིའི་སྐམ་སའི་དམག་དཔུང་གིས་དེང་རབས་ཅན་གྱི་འཁྲབ་ལྡན་འཁོར་ལོ་སུམ་བརྒྱ་ལྷག་དང་ལེན་བྱེད་རྒྱུ་ཡིན་པ་དང་། དེའི་ནངT-90Mརྟགས་ཅན་གྱི་ཐན་ཁི་དངBMP-3རྟགས་ཅན་གྱི་རྐང་དམག་འཐབ་འཁོར། BTR-82Aརྟགས་ཅན་གྱི་འཁྲབ་ལྡན་སྐྱེལ་འདྲེན་རླངས་འཁོར་སོགས་འདུས་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།