ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གིས་ཨ་མེ་རི་ཁས་པཱ་ཀ་ཏཱའི་གནམ་གྲུ་ཐང་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་ལྟ་སྐྱོང་སྲིད་གཞུང་གི་ཙུང་ལི་ཨ་པུའུ་ཏུའུ་ལེ་མེད་ཧི་ཏིས་ཀྱིས་ཚེས་གསུམ་ཉིན་ཨ་མེ་རི་ཁས་དབྱི་ལིང་གི་རྒྱལ་ས་པཱ་ཀ་ཏཱའི་རྒྱལ་སྤྱིའི་གནམ་གྲུ་ཐང་ལ་འཇབ་རྒོལ་བྱས་ཏེ། དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གི་ཁོངས་སུ་གཏོགས་པའི་ལྷ་མཁར་སྟོང་ཤོག་གི་བཀོད་འདོམ་དཔོན་པོ་དང་། དབྱི་ལིང་གི་ཧྲི་ཡེ་ཕྱོགས་ཁག་གི་དམངས་དམག་དྲག་ཆས་པ་མི་དམངས་སྐུལ་སློང་རྩ་འཛུགས་ཀྱི་བཀོད་འདོམ་དཔོན་པོ་གཞོན་པ་བསད་པར་རྒོལ་གཏམ་བཏང་བར་མ་ཟད། དེ་ནི་དབྱི་ལིང་གི་བདག་དབང་ལ་གནོད་པ་གཏོང་བའི་བྱ་སྤྱོད་ཅིག་རེད་ཟེར། 

ཨ་པུའུ་ཏུའུ་ལེ་མེད་ཧི་ཏིས་ཀྱིས་གསལ་སྒྲོག་ཅིག་ལས་ཨ་མེ་རི་ཁས་ལྷ་མཁར་སྟོང་ཤོག་གི་བཀོད་འདོམ་དཔོན་པོ་སུའུ་ལའེ་མཱ་ནེ་དང་མི་དམངས་སྐུལ་སློང་རྩ་འཛུགས་ཀྱི་བཀོད་འདོམ་དཔོན་པོ་གཞོན་པ་ཨ་པུའུ་མེད་ཧི་ཏིས་མུའུ་ཧན་ཏིས་སི་གཉིས་འདུས་པའི་མི་འགའ་ལྐོག་གསོད་བྱས་པར་རྒོལ་གཏམ་དྲག་པོ་བཏང་བ་དང་། ལྐོག་གསོད་འགུལ་སྐྱོད་དེ་ཨ་མེ་རི་ཁའི་དམག་དཔུང་དབྱི་རག་ཏུ་སྡོད་པའི་ཆ་རྐྱེན་དང་མངོན་སུམ་དུ་འགལ་ཡོད་པར་མ་ཟད། ཨ་མེ་རི་ཁའི་དམག་དཔུང་གི་ནུས་པ་ནི་རྒྱལ་སྤྱིའི་མནའ་འབྲེལ་ནང་ཁུལ་དང་དབྱི་རག་སྲིད་གཞུང་གི་ལྟ་རྟོག་དང་ཆོག་མཆན་ཐོབ་པའི་གནས་ཚུལ་འོག་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་པ་དང་། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་བར་འཐབ་འཁྲུག་བྱེད་པ་ཙམ་ཡིན་པ་ནན་བཤད་བྱས། 

གསལ་སྒྲོག་ལས་བཤད་རྒྱུར། དབྱི་རག་གི་དམག་དོན་བཀོད་འདོམ་དཔོན་པོ་ལྐོག་གསོད་བྱེད་པའི་བྱ་སྤྱོད་དེ་ལས་དབྱི་རག་རྒྱལ་ཁབ་དང་སྲིད་གཞུང་། མི་དམངས་བཅས་ལ་བཙན་འཛུལ་བྱས་ཡོད་ཟེར། ཨ་པུའུ་ཏུའུ་ལེ་མེད་ཧི་ཏིས་ཀྱིས་དབྱི་རག་རྒྱལ་དམངས་གྲོས་ཁང་གིས་དམིགས་བསལ་གྲོས་ཚོགས་བསྡུས་ཏེ། དགོས་ངེས་ཀྱི་ཁྲིམས་འཛུགས་གྲོས་ཆོད་དང་བྱེད་ཐབས་ལ་གྲོས་མཐུན་བཀོད་ནས་རྒྱལ་ཁབ་ཀྱི་ལ་རྒྱ་དང་བདེ་འཇགས། བདག་དབང་བཅས་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་། 

པཱ་ཀ་ཏཱ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་ཚེས་གསུམ་ཉིན་གྱི་ཞོགས་པར་མེ་ཤུགས་འཕུར་མདའ་གསུམ་གྱི་འཇབ་རྒོལ་ཐེབས། གནམ་གྲུ་ཐང་གི་གནས་ཚུལ་ཤེས་མཁན་ཞིག་གིས་བཤད་རྒྱུར། ཉུང་མཐར་ཡང་མི་བརྒྱད་འཇབ་རྒོལ་དེའི་ཁྲོད་རྐྱེན་ལམ་དུ་ཤོར་ཟེར། དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གིས་གསལ་སྒྲོག་སྤེལ་ཏེ། སུའུ་ལའེ་མཱ་ནེ་པཱ་ཀ་ཏཱའི་རྒྱལ་སྤྱིའི་གནམ་གྲུ་ཐང་གི་བར་སྣང་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་བ་ཁས་ལེན་བྱས། 

ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། སུའུ་ལའེ་མཱ་ནེ་ཨ་མེ་རི་ཁས་ལག་བསྟར་བྱས་པའི་འཇབ་རྒོལ་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། ཙུང་ཐུང་ཐི་ལིང་ཕུའུ་ཡིས་བཀའ་རྒྱ་བཏང་སྟེ་སུའུ་ལའེ་མཱ་ནེ་ལ་དམིགས་པའི་འཇབ་རྒོལ་ལས་འགན་དེ་ལག་བསྟར་བྱས་པ་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།