ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་དབུས་ཤར་ས་ཁུལ་གྱི་ཛ་དྲག་གི་གནས་བབ་སྔར་ལས་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་དམག་དཔུང་གི་འཇབ་རྒོལ་ལས་དབྱི་ལིང་གི་ཆེས་མཐོའི་བཀོད་འདོམ་དཔོན་པོ་གཙོ་བོ་རྐྱེན་ལམ་དུ་ཤོར་རྗེས། འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་མཱ་སི་ཡིས་ཚེས་གསུམ་ཉིན་དབུས་ཤར་ས་ཁུལ་གྱི་ཛ་དྲག་གི་གནས་བབ་སྔར་ལས་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། 

མཱ་སི་ཡིས་བཤད་རྒྱུར། ཛ་དྲག་གི་གནས་བབ་སྔར་ལས་ཇེ་སྡུག་ཏུ་སོང་ན་དབུས་ཤར་ས་ཁུལ་ཧྲིལ་བོ་འཐབ་འཁྲུག་གི་ཉེན་གནས་སུ་ལྷུང་སྲིད་པས་ངེས་པར་དུ་གནས་ཚུལ་དེ་འདྲ་འབྱུང་བར་སྔོན་འགོག་བྱེད་དགོས་ཟེར། 

མཱ་སི་ཡིས་བཤད་རྒྱུར། ཁོས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་པའོ་ལོས་ལེ་གཉིས་དང་མཉམ་དུ་དོན་དེར་གྲོས་བསྡུར་བྱས་པ་དང་། འཇར་མན་གྱིས་གནས་བབ་ཞི་འཇགས་སུ་གཏོང་བར་ཇི་ལྟར་རོགས་རམ་བྱེད་པའི་ཐད་ནས་དབྱིན་ཇི་དང་ཧྥ་རན་སིའི་བར་འབྲེལ་འདྲིས་ཟབ་མོ་བྱེད་བཞིན་ཡོད་ཟེར། ཁོས་བསྟན་དོན། ཨ་མེ་རི་ཁའི་དམག་དཔུང་གི་འཇབ་རྒོལ་ལས་དབྱི་ལིང་གི་བཀོད་འདོམ་དཔོན་པོ་གཙོ་བོ་རྐྱེན་ལམ་དུ་ཤོར་བའི་དོན་རྐྱེན་དེ་ལས་དབུས་ཤར་ས་ཁུལ་དུ་ཐེབས་སྲིད་པའི་ཤུགས་རྐྱེན་ཚོད་དཔག་བྱེད་ཐབས་མེད་ཟེར། 

འཇར་མན་སྲིད་གཞུང་གི་མགྲིན་ཚབ་པ་གཞོན་པ་ཏི་མེ་ཨར་གྱིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། དབུས་ཤར་ས་ཁུལ་གྱི་གནས་བབ་ཛ་དྲག་ཏུ་འགྱུར་བའི་གནད་འགག་གི་སྐབས་སུ། ཕྱོགས་སོ་སོས་རང་ཚོད་བཟུང་ནས་སེམས་ཆུང་རྣམ་ཆུང་བྱེད་དགོས། ས་ཁུལ་གྱི་འཁྲུག་རྩོད་དེ་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ན་ད་གཟོད་ཐག་གཅོད་བྱེད་ཐུབ་པ་དང་། འཇར་མན་གྱིས་མནའ་མཐུན་གྲོགས་པོ་དག་གི་བར་དོན་དེའི་ཐད་ནས་འབྲེལ་འདྲིས་བྱེད་བཞིན་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།