ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཧྥ་རན་སིའི་ཙུང་ཐུང་གིས་ཁ་པར་བརྒྱུད་དེ་དབུས་ཤར་ས་ཁུལ་གྱི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས་གསུམ་ཉིན་ཁ་པར་གྲོས་མོལ་བྱས་ཏེ། ཨ་མེ་རི་ཁའི་འཇབ་རྒོལ་ལས་དབྱི་ལིང་གི་བཀོད་འདོམ་དཔོན་པོ་གཙོ་བོ་རྐྱེན་ལམ་དུ་ཤོར་བའི་གནད་དོན་དང་། སི་རི་ཡཱ་དང་ཝུའུ་ཁི་ལན་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས། 

ཕུའུ་ཅིན་དང་མཱ་ཁི་ལུང་གིས་ཨ་མེ་རི་ཁའི་འཇབ་རྒོལ་ལས་དབྱི་ལིང་དབྱི་སི་ལན་ཉེན་སྲུང་རུ་ཁག་གི་ཁོངས་སུ་གཏོགས་པའི་ལྷ་མཁར་སྟོང་ཤོག་གི་བཀོད་འདོམ་དཔོན་པོ་རྐྱེན་ལམ་དུ་ཤོར་བར་སེམས་ཁུར་བྱེད་བཞིན་ཡོད་ལ། ཕྱོགས་གཉིས་ཀྱིས་ཨ་མེ་རི་ཁའི་བྱ་སྤྱོད་དེ་ལས་ས་ཁུལ་གྱི་ཛ་དྲག་གི་གནས་བབ་སྔར་ལས་ཚབས་ཆེན་དུ་གཏོང་སྲིད་པའི་ཚུལ་བསྟན།
སི་རི་ཡཱའི་གནད་དོན་ཐད་ནས་ཕུའུ་ཅིན་གྱིས་ཨུ་རུ་སི་དང་ཐུར་ཁེ་ཡིས་སི་རི་ཡཱའི་བྱང་ཤར་ས་ཁུལ་དང་ནུབ་བྱང་ཕྱོགས་ཀྱི་དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་གནས་བབ་ཐད་ནས་བཀོད་པའི་གྲོས་མཐུན་ལག་བསྟར་བྱས་པའི་གནས་ཚུལ་མཚམས་སྦྱོར་བྱས། ཕུའུ་ཅིན་དང་མཱ་ཁི་ལུང་གིས་ནན་གྱིས་བསྟན་དོན། ངེས་པར་དུ་མུ་མཐུད་དུ་འཇིགས་སྐུལ་རིང་ལུགས་ལ་མཉམ་དུ་ཆམ་ཕབ་བཏང་ནས། སི་རི་ཡཱའི་ཆབ་སྲིད་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུ་མ་ཟད། སི་རི་ཡཱའི་མི་སེར་དཀྱུས་མར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་ཟེར། 

ཝུའུ་ཁི་ལན་གྱི་གནད་དོན་གླེང་སྐབས་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་མེན་སི་ཁིའི་གྲོས་མཐུན་དངོས་འབེབས་བྱེད་པ་དང་ན་ནིང་ཟླ་བཅུ་གཉིས་པའི་ནོའུ་མན་ཏིས་རྣམ་པའི་རྒྱལ་ཁབ་བཞིའི་མཐོ་རིམ་གྲོས་ཚོགས་ནས་བཏོན་པའི་གྲོས་ཆོད་དངོས་འབེབས་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས། ཕྱོགས་གཉིས་ཀྱིས་ན་ནིང་ལོ་མཇུག་ཏུ་ཝུའུ་ཁི་ལན་སྲིད་གཞུང་དང་ཤར་ཕྱོགས་དམངས་ཁྲོད་དྲག་ཆས་པས་མི་གཏའ་བརྗེ་སྤོར་བྱས་པ་དང་། ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་ཨུ་རུ་སིའི་རང་བྱུང་སོལ་རླངས་དེ་ཝུའུ་ཁི་ལན་བརྒྱུད་དེ་ཡོ་རོབ་གླིང་དུ་འདྲེན་པའི་ཐད་ནས་བཀོད་པའི་གྲོས་མཐུན་ལ་གདེང་འཇོག་གང་ལེགས་བྱས། 

ཕུའུ་ཅིན་དང་མཱ་ཁི་ལུང་གིས་ད་རུང་བསྟན་དོན། ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཞི་བའི་སྒོ་ནས་ལི་པུ་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།