དབྱི་སི་རལ་གྱི་ཙུང་ལིས་གྲོས་ཁང་ལ་ཆག་ཡང་དབང་ཆ་སློང་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་ཚེས་གཅིག་ཉིན་གྱི་དགོང་མོར་བརྙན་འཕྲིན་གཏམ་བཤད་སྤེལ་ནས། གྲོས་ཁང་ལ་ཆག་ཡང་དབང་ཆ་བསླང་སྟེ། ཉེས་དོན་ཞུ་གཏུག་མི་བྱེད་རྒྱུའི་རེ་བ་བཅངས་ཡོད་ཟེར།

ནེ་ཐ་ཉི་ཡ་ཧུའུ་ཡིས་གཏམ་བཤད་སྐབས་བཤད་རྒྱུར། འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་ཁེལ་གཞིར་བཟུང་ནས། ཁོས་གྲོས་དཔོན་ཨེ་ཏི་ཨར་སི་ཐན་ལ་ཆག་ཡང་དུ་གཏོང་བའི་རེ་ཞུ་སྤྲོད་རྒྱུ་ཡིན་ཟེར། ནེ་ཐ་ཉི་ཡ་ཧུའུ་ཡིས་ཁོ་ལ་ཉེས་མིང་བཏགས་པ་ཡང་བསྐྱར་ཁས་མ་བླངས་པར་མ་ཟད། ཆག་ཡང་དུ་གཏོང་བའི་རེ་འདོད་ཞུས་པ་ནི་བཅའ་ཁྲིམས་ཀྱི་འདྲི་གཅོད་ལ་གཡོལ་འདོད་མིན་ལ། ཁོ་ཁྲིམས་ཁང་དུ་རྩོད་གླེང་བྱེད་པར་འགྲོ་རྩིས་ཡོད་ཅེས་བཤད།

ནེ་ཐ་ཉི་ཡ་ཧུའུ་ཡི་ཆབ་སྲིད་ཀྱི་འགྲན་ཟླ་ཆེས་ཆེན་པོ་དཀར་སྔོན་ཏང་གི་མགོ་ཁྲིད་པ་ཀན་ཚིས་ཀྱིས་དེའི་རྗེས་སུ་བཤད་རྒྱུར། ནེ་ཐ་ཉི་ཡ་ཧུའུ་ཡི་གསལ་བསྒྲགས་དེ་ཏག་ཏག་ཁོས་རང་ཉིད་ལ་ཉེས་སྐྱོན་ཡོད་པ་གསལ་པར་ཤེས་ཡོད་པ་མཚོན་ཡོད། གལ་ཏེ་ཁོ་ལ་སྐྱོན་མེད་ན་ཁྲིམས་ར་ནས་འདྲི་གཅོད་དང་ལེན་བྱེད་པར་སྐྲག་དགོས་དོན་མེད་ཟེར། ཀན་ཚིས་ཀྱིས་ཁོས་སྟོབས་ཤུགས་ཅི་ཡོད་བཏོན་ནས་ནེ་ཐ་ཉི་ཡ་ཧུའུ་ལ་ཆག་ཡང་དབང་ཆ་ཐོབ་པར་བཀག་འགོག་བྱེད་རྒྱུ་ཡིན་ཞེས་བཤད།

དབྱི་སི་རལ་ནི་ང་ཚོའི་ཁྱིམ་གཞིས་ཡིན་ཞེས་པའི་ཏང་ཁག་དེའི་མགོ་ཁྲིད་པ་ལེ་པོ་མན་གྱིས་ཀྱང་ནེ་ཐ་ཉི་ཡ་ཧུའུ་ཡིས་གྲོས་ཁང་ལ་ཆག་ཡང་དབང་ཆ་སློང་བར་ངོ་རྒོལ་དྲག་པོ་བྱས།

ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཉིས་པའི་ཚེས་གཉིས་ཉིན། དབྱི་སི་རལ་གྱི་སྤྱིའི་ཞིབ་དཔྱོད་དཔོན་མན་ཏི་ཨར་པུའུ་ལེ་ཐི་ཡིས་ལྐོག་རྔན་བླངས་པ་དང་རུལ་སུངས་སུ་གྱུར་པར་དོགས་པ་ཟ་བའི་ནེ་ཐ་ཉི་ཡ་ཧུའུ་ཞུ་གཏུག་བྱེད་པའི་ཡི་གེ་དངོས་སུ་སྤྲད་དེ། ལྐོག་རྔན་བླངས་པ་དང་། མགོ་བསྐོར་བཏང་བ། ཡིད་རྟོན་དང་འགལ་བ་བཅས་ཉེས་མིང་གསུམ་བཏགས་ནས་ནེ་ཐ་ཉི་ཡ་ཧུའུ་ཞུ་གཏུག་བྱས་མོད། ཡིན་ནའང་ཁོ་ལ་ཉིན་སུམ་ཅུའི་རིང་ཆག་ཡང་དབང་ཆ་སློང་བའི་དུས་ཚོད་སྤྲད། ཟླ་དང་པོའི་ཚེས་གཅིག་ཉིན་ནི་ནེ་ཐ་ཉི་ཡ་ཧུའུ་ཡིས་ཆག་ཡང་རེ་ཞུ་སྤྲོད་པའི་མཇུག་མཐའི་དུས་བཅད་རེད།

དབྱི་སི་རལ་གྱི་འབྲེལ་ཡོད་བཅའ་ཁྲིམས་ལྟར་ན། གྲོས་ཁང་གི་གྲོས་མོལ་ལ་རང་འགུལ་གྱིས་ཞུ་གཏུག་ལས་གཡོལ་བའི་ཆག་ཡང་གི་དབང་ཆ་མེད་མོད། ཡིན་ནའང་གྲོས་ཁང་གི་འབྲེལ་ཡོད་ཨུ་ཡོན་ལྷན་ཁང་བརྒྱུད་ནས་ཆག་ཡང་དབང་ཆ་བསླང་ཆོག རེ་ཞུ་དེར་གྲོས་མི་ཕྱེད་ཀ་ཡན་གྱི་རྒྱབ་སྐྱོར་ཐོབ་ན་ཆོག་མཆན་འགོད་ངེས་ཡིན།

དབྱི་སི་རལ་གྱི་སྨྱན་བྱེད་དང་གླེང་ཕྱོགས་ཀྱིས་ཡོངས་ཁྱབ་ཏུ་སྔོན་དཔག་བྱས་པ་ལྟར་ན། དཀར་སྔོན་ཏང་དང་དབྱི་སི་རལ་ནི་ང་ཚོའི་ཁྱིམ་གཞིས་ཡིན་ཞེས་པའི་ཏང་ཁག་གི་ངོ་རྒོལ་བྱས་པས། ནེ་ཐ་ཉི་ཡ་ཧུའུ་ལ་གྲོས་ཁང་ནས་ཆག་ཡང་དབང་ཆ་ཐོབ་པའི་གོ་སྐབས་ཧ་ཅང་ཕྲ་ལ། ཁོའི་བྱ་སྤྱོད་དེ་ནི་ཁྲིམས་ཆད་གཅོད་པར་འགོར་འགྱངས་བྱས་ཏེ། ཉིས་སྟོང་ཉི་ཤུ་ལོའི་ཟླ་གསུམ་པར་བསྡུ་རྒྱུ་ཡིན་པའི་གྲོས་ཁང་གི་འདེམ་བསྐོ་ལ་ཞུགས་པར་དུས་ཚོད་བརྩོན་ལེན་བྱེད་རྒྱུ་དེ་རེད་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།