དབྱི་སི་རལ་དང་ཞི་ལ། སའེ་ཕུའུ་ལུའུ་སི་བཅས་ཀྱིས་ས་དཀྱིལ་རྒྱ་མཚོ་ཤར་མའི་རང་བྱུང་སོལ་རླངས་སྦུག་ལམ་གྱི་གྲོས་ཆོད་འགོད་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་ཚེས་གཉིས་ཉིན་ཞི་ལ་རུ་སོང་བ་དང་། ཞི་ལ་དང་སའེ་ཕུའུ་ལུའུ་སིའི་བར་དུ་ས་དཀྱིལ་རྒྱ་མཚོ་ཤར་མའི་རང་བྱུང་སོལ་རླངས་སྦུག་ལམ་གྱི་གྲོས་ཆོད་འགོད་རྒྱུ་རེད།

དབྱི་སི་རལ་གྱི་སྲིད་གཞུང་གཞུང་སྒྲུབ་ཁང་གིས་ཉིན་དེར་སྤེལ་བའི་གསལ་བསྒྲགས་ལྟར་ན། ནེ་ཐ་ཉི་ཡ་ཧུའུ་ཡིས་བཤད་རྒྱུར། ཁོ་ཞི་ལ་རུ་སོང་ནས་སུའུ་ཕུའུ་ལུའུ་སིའི་ཙུང་ཐུང་ཨ་ན་སི་ཐ་ཞ་ཞི་སི་དང་། ཞི་ལའི་ཙུང་ལིས་མུས་ཙོ་ཐ་ཅི་སི་གཉིས་ལ་ཐུག་འཕྲད་གལ་ཆེན་བྱེད་རྒྱུ་ཡིན་ལ། ཕྱོགས་གསུམ་གྱིས་ས་དཀྱིལ་རྒྱ་མཚོ་ཤར་མ་ས་ཁུལ་ནས་མཉམ་འབྲེལ་གལ་ཆེན་བཙུགས་ཡོད་ལ། མནའ་འབྲེལ་དེ་དབྱི་སི་རལ་གྱི་མ་འོངས་པའི་ནུས་ཁུངས་འཕེལ་རྒྱས་ལ་ཧ་ཅང་གལ་ཆེ་ཟེར།

ན་ཐ་ཉི་ཡ་ཧུའུ་ཡིས་བཤད་རྒྱུར་མི་འགྱང་བར་སྤེལ་རྒྱུ་ཡིན་པའི་རང་བྱུང་སོལ་རླངས་སྦུག་ལམ་ལས་གཞིས་དབྱི་སི་རལ་གྱི་རང་བྱུང་སོལ་རླངས་དང་གློག་ཤུགས་ཀྱི་རིན་གོང་ཇེ་དམར་གཏོང་རྒྱུ་མ་ཟད། དབྱི་སི་རལ་ལ་ཡོང་སྒོ་འབོར་ཆེན་བསྐྲུན་ངེས་ཟེར།

དབྱི་སི་རལ་གྱི་ནུས་ཁུངས་པུའུ་ཡིས་བསྒྲགས་པའི་གནས་ཚུལ་ལྟར་ན། ས་དཀྱིལ་རྒྱ་མཚོ་ཤར་མའི་རང་བྱུང་སོལ་རླངས་ཀྱི་སྦུག་མ་དེའི་སྤྱིའི་རིང་ཚད་ལ་སྤྱི་ལེ་སྟོང་གཉིས་དང་བརྒྱ་ཐམ་པ་ཡོད་ལ། དེས་སའེ་ཕུའུ་ལུའུ་སི་དང་ཞི་ལ་བརྒྱུད་དེ། དབྱི་སི་རལ་དང་སའེ་ཕུའུ་ལུའུ་སི་ཡིས་ཐོན་སྐྱེད་བྱས་པའི་རང་བྱུང་སོལ་རླངས་ཡོ་རོབ་གླིང་དུ་འདྲེན་རྒྱུ་ཡིན། ལས་གཞི་དེ་ཉིས་སྟོང་ཉི་ཤུ་ལོའི་ལོ་དཀྱིལ་ལ་འཛུགས་སྐྲུན་བྱེད་མགོ་རྩོམ་རྒྱུ་ཡིན་ལ། ཚོད་དཔག་བྱས་ན་ཉིས་སྟོང་ཉེར་ལྔ་ལོར་ཡོངས་འགྲུབ་བྱེད་རྒྱུ་ཡིན་པ་དང་། སྤྱིའི་མ་དངུལ་ཨ་སྒོར་དུང་ཕྱུར་བརྒྱད་ཅུ་ཙམ་གཏོང་རྒྱུ་རེད། ལས་གཞི་དེ་ཡོངས་འགྲུབ་བྱས་རྗེས་ཡོ་རོབ་གླིང་གི་རང་བྱུང་སོལ་རླངས་ཀྱི་དགོས་མཁོ་བརྒྱ་ཆའི་བཅུ་ཙམ་བསྐོང་ཐུབ། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།