ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་གྲོས་ཁང་ལི་པི་ཡ་རུ་དམག་འདྲེན་པའི་གྲོས་གཞིར་གྲོས་འཆམ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་གྲོས་ཁང་གིས་ཚེས་གཉིས་ཉིན་བྲེལ་མྱུར་ཚོགས་འདུ་བསྡུས་ནས། ཐུར་ཁེའི་སྲིད་གཞུང་གིས་ལི་པི་ཡ་རུ་དམག་འདྲེན་པའི་གྲོས་གཞི་ལ་ཆོག་མཆན་འགོད་པར་གྲོས་འཆམ་བྱུང་།

ཉིན་དེར་བསྡོམས་པས་གྲོས་མི་ལྔ་བརྒྱ་དང་དགུ་འདེམ་ཤོག་འཕེན་པར་ཞུགས་པ་དང་། འདེམ་ཤོག་འཕངས་པའི་མཇུག་འབྲས་ལས་འཐད་པ་བྱུང་བའི་འདེམ་ཤོག་སུམ་བརྒྱ་དང་ཉེར་ལྔ་ཡོད་པ་དང་། ངོ་རྒོལ་གྱི་འདེམ་ཤོག་བརྒྱ་དང་གྱ་བཞི་ཡོད། ངོ་རྒོལ་ཏང་ཁག་གཙོ་བོ་སྤྱི་མཐུན་མི་དམངས་ཏང་། ཏང་བཟང་དང་མི་དམངས་དམངས་གཙོ་ཏང་གིས་ལི་པི་ཡ་ལ་དམག་འདྲེན་པའི་གྲོས་གཞིར་ངོ་རྒོལ་བྱས་ཏེ། ཐུར་ཁེས་ཕྱི་འབྲེལ་བྱེད་ཐབས་སྤྱོད་དགོས་པ་མ་གཏགས། དམག་དོན་གྱིས་ལི་པི་ཡའི་འཁྲུག་རྩོད་ལ་ཐེ་གཏོགས་བྱེད་མི་རུང་ཞེས་བཤད་ན་ཡང་། ལི་པ་ཡ་ལ་དམག་འདྲེན་པར་རྒྱབ་སྐྱོར་བྱེད་པའི་སྲིད་འཛིན་ཏང་དྲང་བདེན་དང་འཕེལ་རྒྱས་ཏང་དང་། མི་རིགས་རིང་ལུགས་འགུལ་སྐྱོད་ཏང་། བདེ་སྐྱིད་ཏང་བཅས་ཀྱིས་གྲོས་ཁང་ནས་གོ་གནས་མང་ཆེ་ཤོས་ཟིན་ཡོད་པས། གྲོས་གཞི་དེར་གྲོས་ཁང་ནས་གྲོས་འཆམ་བྱུང་བ་རེད།

གྲོས་གཞི་དེ་ལྟར་ན། ཐུར་ཁེའི་དམག་དཔུང་ལི་པི་ཡ་རུ་བཀོད་སྒྲིག་བྱེད་ཡུན་ལོ་གཅིག་ཡིན་པ་དང་། ཐུར་ཁེའི་སྲིད་གཞུང་གིས་དམག་འདྲེན་པའི་དུས་ཚོད་དང་དམག་དཔུང་བཀོད་སྒྲིག་གི་གཞི་ཁྱོན་ཐག་གཅོད་རྒྱུ་རེད། གྲོས་གཞི་དེའི་ནང་དུ། ལི་པི་ཡའི་གནས་བབས་ཛ་དྲག་ཏུ་འགྱུར་བཞིན་པ་དེས་ཐུར་ཁེའི་ཁེ་ཕན་ལ་འཇིགས་སྣང་བཟོས་པས། དམག་དཔུང་མངག་ན་ཁྲིམས་འགལ་གྱི་གཞི་ཁྱོན་ཆེན་པོའི་ཡུལ་གྱར་བའི་འཇིགས་སྣང་སྔོན་འགོག་བྱེད་རྒྱུ་མ་ཟད་འཇིགས་སྐུལ་རྩ་འཛུགས་དང་དྲག་ཆས་ཚོགས་ཁག་གི་ཁོར་ཡུག་གྲུབ་པར་བཀག་འགོག་བྱེད་པ་ལ་ཕན་པ་ཡོད་ཅེས་བསྟན་ཡོད།

ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏོ་ཨན་གྱིས་ཉེ་སྔོན་བཤད་རྒྱུར། ཐུར་ཁེའི་སྲིད་གཞུང་གིས་ལི་པི་ཡའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གི་རེ་ཞུ་ལྟར། ཐུར་ཁེའི་གྲོས་ཁང་གིས་ཆོག་མཆན་གནང་རྗེས་ལི་པི་ཡར་དམག་དཔུང་འདྲེན་རྒྱུ་་ཡིན་ཟེར། ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཐུར་ཁེའི་དམག་དཔུང་གིས་ལི་པི་ཡ་ལ་དམག་བཀོད་སྒྲིག་བྱེད་པར་གྲ་སྒྲིག་གང་ལེགས་བྱས་ཡོད་ཅེས་བཤད།

བསྒྲགས་པའི་གནས་ཚུལ་ལྟར་ན། ཐུར་ཁེས་མི་འགྱང་བར་ལི་པི་ཡའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གིས་ཚོད་འཛིན་བྱས་ཡོད་པའི་རྒྱལ་ས་ཏི་ལེ་ལ་པོ་ལེ་ལ་དམིགས་བསལ་དམག་དཔུང་དང་དམག་དོན་བློ་འདོན་པ་མངག་རྒྱུ་མ་ཟད་དམག་དོན་སྒྲིག་ཆས་སྐྱེལ་ནས། ལི་པི་ཡའི་ཤར་ཕྱོགས་དྲག་ཆས་སྟོབས་ཤུགས་རྒྱལ་དམངས་དམག་དཔུང་ཞེས་པ་དེས་གྲོང་ཁྱེར་གྱིས་མཐའ་བསྐོར་ནས་འཇབ་རྒོལ་བྱེད་པར་བཀག་འགོག་བྱེད་རྒྱུ་རེད་ཟེར།

ཉིས་སྟོང་བཅུ་གཅིག་ལོར་ཁ་ཀྲ་ཧྥེ་སྲིད་དབང་རྩ་རྫོགས་བྱས་རྗེས། ལི་པི་ཡའི་གནས་བབ་ཟིང་ཟིང་དུ་གྱུར། མིག་སྔར་སྟོབས་ཤུགས་ཆེན་པོ་གཉིས་ཕན་ཚུན་ཁ་གཏད་དུ་ལངས་ཡོད་དེ། མི་རིགས་མཐུན་སྒྲིལ་སྲིད་གཞུང་དང་དེར་རྒྱབ་སྐྱོར་བྱེད་པའི་དྲག་ཆས་སྟོབས་ཤུགས་ཀྱིས་ནུབ་རྒྱུད་ཀྱི་ས་ཁུལ་ཁག་ཅིག་བདག་ཏུ་བཟུང་ཡད་ལ། རྒྱལ་དམངས་འཐུས་མིའི་ཚགས་ཆེན་གྱིས་ཧ་ཧྥུའུ་ཐ་ཨར་གྱིས་མགོ་ཁྲིད་པའི་རྒྱལ་དམངས་དམག་དཔུང་ཞེས་པར་མནའ་འབྲེལ་བསྒྲིགས་ནས་ཤར་ཕྱོགས་དང་དབུས་ཕྱོགས་ས་ཁུལ་དང་། ལྷོ་ཕྱོགས་ཀྱི་གྲོང་ཁྱེར་གཙོ་བོ་དང་ནུབ་ཕྱོགས་ཀྱི་གྲོང་ཁྱེར་ཁ་ཤས་བདག་ཏུ་བཟུང་ཡོད།

ཉིས་སྟོང་བཅུ་དགུ་ལོའི་ཟླ་བཞི་པར། ལི་པི་ཡའི་རྒྱལ་དམངས་དམག་དཔུང་ཞེས་པས་རྒྱལ་ས་ཏི་ལེ་པོ་ལེ་ལ་དམག་དོན་འགུལ་སྐྱོད་སྤེལ་ནས། གྲོང་ཁྱེར་དེ་བདག་ཏུ་བཟུང་ཡོད་པའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གི་དམག་དཔུང་དང་འཐབ་འཁྲུག་བརྒྱབ་པ་དང་། ད་ལྟའི་བར་དུ་མི་སྟོང་ཕྲག་འགའ་ཤི་རྨས་བྱུང་ལ། མི་སེར་ཁྲི་ཕྲག་འགའ་ས་གཞན་ལ་བྲོས། ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ཉིན། རྒྱལ་དམངས་དམག་དཔུང་ཞེས་པའི་མགོ་ཁྲིད་པ་ཧ་ཧྥུའུ་ཐ་ཨར་གྱིས་རྒྱལ་དམངས་དམག་དཔུང་གིས་ཏི་ལེ་པོ་ལེ་ལ་འཇབ་རྒོལ་བྱས་ཏེ་འཕྲོག་པའི་དམག་དོན་འགུལ་སྐྱོད་དེ་མཇུག་མཐའི་དུས་རིམ་དུ་སླེབས་ཡོད་ཅེས་བཤད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།