ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལང་གིས་ཨ་མེ་རི་ཁས་དབྱི་རག་ཧྲི་ཡེ་ཕྱོགས་ཁག་གི་དམིགས་འབེན་ལ་བར་སྣང་ནས་འཇབ་རྒོལ་བྱས་པ་ནི་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་ཅིག་རེད་ཅེས་སྐྱོན་བརྗོད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།     སྤེལ་དུས། : 2020-01-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལང་གི་ཕྱི་འབྲེལ་པུའུ་ཡིས་ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ཉིན་ཨ་མེ་རི་ཁའི་དམག་གིས་དབྱི་རག་མངའ་ཁོངས་ཀྱི་ཧྲི་ཡེ་ཕྱོགས་ཁག་གི་དྲག་ཆས་རྩ་འཛུགས་ཀྱི་དམིགས་འབེན་ལ་འཇབ་རྒོལ་བྱས་པ་དེས་དབྱི་རག་གི་མངའ་ཁོངས་བདག་དབང་ལ་གནོད་བསྐྱལ་བ་དང་། དེ་ནི་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་ཅིག་རེད་ཅེས་སྐྱོན་བརྗོད་བྱས།

དབྱི་ལང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཨ་པ་སི་མུའུ་སཱ་ཝེ་ཡིས་བཤད་རྒྱུར། ཨ་མེ་རི་ཁས་ལོ་མང་པོའི་རིང་ལ་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་འཇིགས་སྐུལ་མི་སྣར་ཆམ་ཕབ་ཆེན་པོ་བཏང་མོད། ཡིན་ནའང་ཉེ་སྔོན་བྱུང་བའི་འཇབ་རྒོལ་དེ་དག་གིས་ཨ་མེ་རི་ཁས་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་ཆམ་ཕབ་གཏོང་གི་ཡོད་ཅེས་པའི་བཤད་ཚུལ་དེ་ནི་རྫུན་མ་ཡིན་པར་ཡང་བསྐྱར་བདེན་དཔང་བྱས་ཡོད་ཟེར།

ཁོས་བཤད་རྒྱུར། བྱ་སྤྱོད་དེ་དག་གིས་ཨ་མེ་རི་ཁས་དབྱི་རག་སོགས་རྒྱལ་ཁབ་ཀྱི་རང་བཙན་དང་བདག་དབང་སྣང་མེད་དུ་འཇོག་པ་མཚོན་ལ། ཨ་མེ་རི་ཁས་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པ་མཚོན་པས། ཨ་མེ་རི་ཁས་རང་གི་ཁྲིམས་འགུལ་བྱ་སྤྱོད་དེའི་རིགས་ཀྱི་མཇུག་འབྲས་དང་ལེན་བྱེད་དགོས་ཟེར།

ཨ་མེ་རི་ཁའི་ཟུར་ལྔའི་ཐོག་ཁང་ཆེན་མོའི་མགྲིན་ཚབ་པ་ཆའོ་ན་སིན་ཧོ་ཧྥུའུ་མན་གྱིས་ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན་བཤད་རྒྱུར། ཨ་མེ་རི་ཁའི་དམག་གིས་ཧྲི་ཡེ་ཕྱོགས་ཁག་གི་དྲག་ཆས་རྩ་འཛུགས་ཀྲིན་ཀྲུའུ་དམག་དཔུང་ཞེས་པ་དེའི་དབྱི་རག་ན་ཡོོད་པའི་དམིགས་འབེན་གསུམ་དང་སི་རི་ཡའི་མངའ་ཁོངས་ཀྱི་དམིགས་འབེན་གཉིས་ལ་འགག་རྒོལ་རང་བཞིན་གྱི་གནད་ཁེལ་རྒོལ་རྡུང་བཏང་བ་ཡིན་ལ། དམིགས་འབེན་གྱི་ནང་དུ་མཚོན་ཆའི་མཛོད་ཁང་དང་བཀོད་འདོམས་ཚོད་འཛིན་སྒྲིག་ཆས་ཀྱང་འདུ་ཞེས་བཤད།

ཀྲིན་ཀྲུའུ་དམག་དཔུང་ཞེས་པ་དེས་ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ཉིན་བཤད་རྒྱུར། བར་སྣང་གི་འཇབ་རྒོལ་ཁྲོད་ནས་མི་ཉེར་ལྔ་རྐྱེན་ལམ་དུ་ཤོར་བ་དང་མི་ང་གཅིག་ལ་རྨས་ཕོག་ཟེར།

ཨ་མེ་རི་ཁའི་བྱ་སྤྱོད་དེའི་དམིགས་ཡུལ་ནི་ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ཉིན་གྱི་འཇབ་རྒོལ་དང་དེའི་སྔོན་གྱི་འཇབ་རྒོལ་ཁ་ཤས་ལ་རྒོལ་ལན་སྤྲོད་པའི་ཆེད་རེད། དབྱི་རག་བྱང་ཕྱོགས་ཀྱི་ཅི་ཨར་ཁུའུ་ཁི་ཉེ་འདབས་ཀྱི་དམག་སྒར་ཞིག་ལ་ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ཉིན་མེ་ཤུགས་འཕུར་མདའ་སུམ་ཅུ་ཙམ་གྱི་འཇབ་རྒོལ་ཐེབས་ནས། ཨ་མེ་རི་ཁའི་ཚོང་བ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། དམག་མི་བཞི་ལ་རྨས་ཕོག ཨ་མེ་རི་ཁས་འཇབ་རྒོལ་དེ་ནི་དབྱི་ལང་ལ་རྒྱབ་སྐྱོར་བྱེད་པའི་ཀྲིན་ཀྲུའུ་དམག་དཔུང་ཞེས་པ་དེས་སྤེལ་བ་རེད་ཅེས་བཤད་ཡོད།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕེ་ཨོ་ཡིས་ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན་བཤད་རྒྨཡུར། བར་སྣང་གི་འཇབ་རྒོལ་ལས་ཨ་མེ་རི་ཁས་དབྱི་ལང་ལ་ཨ་མེ་རི་ཁའི་མི་རང་དགར་ཉེན་ཁར་ལྷུང་དུ་མི་འཇུག་པའི་བརྡ་གསལ་པོ་བསྟན་པ་ཡིན་ཟེར། ཨ་མེ་རི་ཁའི་རྒྱལ་སྲུང་དཔན་པོ་ཨེ་སི་པོ་ཡིས་ཀྱང་ཉིན་དེར་ཨ་མེ་རི་ཁའི་བྱེད་ཐབས་དེ་ལས་མང་པོ་སྤྱད་དེ། རང་ལ་སྲུང་སྐྱོབ་དང་དབྱི་ལང་ལ་འཇིགས་སྣང་བསྐྱེད་ཐུབ་ཅེས་བཤད།

ཀྲིན་ཀྲུའུ་དམག་དཔུང་ཞེས་པ་དེའི་ཁོངས་སུ་གཏོགས་པའི་དབྱི་རག་ཧྲི་ཡེ་ཕྱོགས་ཁག་གི་དམངས་དམག་ཚོགས་པ་མི་དམངས་སྐུལ་སློང་རྩ་འཛུགས་ཞེས་པ་དེའི་མཐོ་རིམ་བཀོད་འདོམས་དཔོན་དབྱི་པུའུ་ལ་ཞི་མུས་ཀྱིས་ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན་བཤད་རྒྱུར། རྩ་འཛུགས་དེའི་ཁོངས་མིའི་ཁྲག་རང་དགར་བཞུར་མི་རུང་བས། དབྱི་རག་ཏུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་ལ་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར།

མི་དམངས་སྐུལ་སློང་རྩ་འཛུགས་ཞེས་པ་དེ་ནི་ཉིས་སྟོང་བཅུ་བཞི་ལོར་བཙུགས་པ་དང་། གཙོ་བོ་དབྱི་ལང་གིས་རྒྱབ་སྐྱོར་བྱེད་པའི་ཧྲི་ཡེ་ཕྱོགས་ཁག་གི་དྲག་ཆས་མི་སྣས་གྲུབ་པ་རེད། ཉིས་སྟོང་་བཅོ་བརྒྱད་ལོའི་ཟླ་གསུམ་པར་དེ་དབྱི་རག་བདེ་འཇགས་དམག་དཔུང་གི་ཁོངས་སུ་བསྡུས་ཏེ། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་རྒོལ་རྡུང་བྱེད་པའི་འཐབ་འཁྲུག་ཁྲོད་དུ་ནུས་པ་འདོན་བཞིན་ཡོད།

དབྱི་ལང་གིས་རྒྱབ་སྐྱོར་བྱེད་བཞིན་པའི་ལེ་པ་ནུན་ཀྲིན་ཀྲུའུ་ཏང་གིས་ཀྱང་ཨ་མེ་རི་ཁའི་བར་སྣང་གི་འཇབ་རྒོལ་དེར་རྒོལ་གཏམ་བཏང་ནས། ཨ་མེ་རི་ཁའི་དམག་དཔུང་གིས་མངོན་སུམ་འཛེམ་མེད་ཀྱིས་དབྱི་རག་གི་བདག་དབང་དང་བདེ་འཇགས། གཏན་འཇགས་བཅས་ལ་གནོད་བསྐྱལ་བ་རེད་ཅེས་བཤད།

དབྱི་ལང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མུའུ་སཱ་ཝེ་ཡིས་ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ཉིན་བཤད་རྒྱུར། ཕྱི་རྒྱལ་གྱི་དམག་དཔུང་བཅའ་སྡོད་བྱས་ཡོད་པ་དེ་ནི་ས་ཁུལ་དེ་བདེ་འཇགས་མིན་པ་དང་གནས་བབ་ཛ་དྲག་ཆེ་བབའི་རྒྱུ་རྐྱེན་ཡིན་ཟེར། ཁོས་ཨ་མེ་རི་ཁའི་དམག་དཔུང་ཕྱིར་འཐེན་བྱེད་རྒྱུའི་རེ་བ་བཏོན།

མིག་སྔར་དབྱི་རག་ན་ཨ་མེ་རི་ཁའི་དམག་མི་སྟོང་ལྔ་ཙམ་ཡོད་ལ། དེ་དག་གིས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རོགས་དང་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་མི་སྣ་ལྷག་མ་ཚར་གཅོད་གཏོང་བཞིན་ཡོད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།