ཨ་ཧྥུའུ་ཧན་གྱི་ས་ཆ་མང་པོ་ནས་བདེ་འཇགས་དམག་དཔུང་ལ་འཇབ་རྒོལ་ཐེབས་ཏེ་མི་སུམ་ཅུ་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་འགར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་སྲིད་གཞུང་གི་དཔོན་རིགས་ཀྱིས་ཚེས་གཅིག་ཉིན་བཤད་རྒྱུར། ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་གྱི་ནམ་གུང་ནས་ཉིས་སྟོང་ཉི་ཤུ་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་གྱི་སྔ་དྲོའི་བར་དུ། ཨ་ཧྥུའུ་ཧན་བྱང་ཕྱོགས་ཀྱི་ས་ཆ་མང་པོའི་བདེ་འཇགས་དམག་དཔུང་ལ་ཐ་ལེ་པན་གྱི་དྲག་ཆས་མི་སྣའི་འཇབ་རྒོལ་ཐེབས་ཏེ། བསྡོམས་པས་བདེ་འཇགས་དམག་དཔུང་གི་དམག་མི་སུམ་ཅུ་རྐྱེན་ལམ་དུ་ཤོར་ཟེར།

ཨ་ཧྥུའུ་ཧན་བྱང་ཕྱོགས་ཀྱི་ཐ་ཧ་ཨར་ཞིང་ཆེན་ཉེན་རྟོག་ཁང་གི་མགྲིན་ཚབ་པ་ཨ་ཞི་ཨར་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཐ་ལེ་པན་གྱི་དྲག་ཆས་མི་སྣ་སྐོར་ཞིག་གིས་ཚེས་གཅིག་ཉིན་གྱི་ཞགས་པར་ཞིང་ཆེན་དེའི་ཏ་ཁ་ཏི་ས་ཁུལ་གྱི་བདེ་འཇགས་ཞིབ་བཤེར་ས་ཚིགས་ཤིག་ལ་འཇབ་རྒོལ་བྱས་ཏེ། ས་དེའི་བདེ་འཇགས་དམག་དཔུང་བར་དུ་དུས་ཚོད་འགར་འཐབ་འཁྲུག་བརྒྱབ། འཐབ་འཁྲུག་ཁྲོད་ནས་བདེ་འཇགས་དམག་དཔུང་གི་དམག་མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། དྲག་ཆས་མི་སྣ་བཅུ་གཅིག་བསད་ཟེར།

ཨ་ཧྥུའུ་ཧན་གྱི་སྐྱ་རེངས་བརྙན་འཕྲིན་ཁང་གི་དྲ་ཚིགས་སྟེང་བཀོད་པའི་གསར་འགྱུར་ལྟར་ན། པ་ཨར་ཧི་ཞིང་ཆེན་གྱི་གཞུང་ལམ་ཉེན་རྟོག་ཁང་གི་ཉེན་རྟོག་དཔོན་པོ་སཱ་ལེ་ཧི་ཡིས་བདེན་དཔང་བྱེད་རྒྱུར། ཐ་ལེ་པན་གྱི་དྲག་ཆས་མི་སྣས་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་གྱི་ནམ་གུང་པ་ཨར་ཧི་ཞིང་ཆེན་གྱི་ཨ་ལཱ་མུའུ་ཧ་དབྱི་ཨར་ས་ཁུལ་གྱི་གཞུང་ལམ་ཞིབ་བཤེར་ས་ཚིགས་ཤིག་ལ་འཇབ་རྒོལ་བྱས་ཏེ། བདེ་འཇགས་དམག་དཔུང་གི་དམག་མི་བརྒྱད་བསད་སོང་ཟེར།

གཞན་ཡང་ཨ་ཧྥུའུ་ཧན་གྱི་ཨ་ལེ་ཡ་བརྙན་འཕྲིན་ཁང་གི་དྲ་ཚིགས་སྟེང་བཀོད་པའི་གནས་ཚུལ་ལྟར་ན། ཁུན་ཏུའུ་ཧྲི་ཞིང་ཆེན་གྱི་ཏ་ཧྲི་ཐི་ཨ་ཆི་ས་ཁུལ་གྱི་དམག་དོན་རྟེན་གཞི་ཞིག་ལ་ཡང་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་ཐ་ལེ་པན་གྱི་དྲག་ཆས་མི་སྣའི་འཇབ་རྒོལ་ཐེབས་ཏེ། བདེ་འཇགས་དམག་དཔུང་གི་དམག་མི་བཅོ་ལྔ་བསད་སོང་ཟེར།

ཨ་ཧྥུའུ་ཧན་ཐེ་ལེ་པན་དྲག་ཆས་རྩ་འཛུགས་ཀྱི་མགྲིན་ཚབ་པ་མུའུ་ཅ་ཞི་ཏི་ཡིས་སྨྱན་བྱེད་སྟེང་གཏམ་བཤད་སྤེལ་ནས། རྩ་འཛུགས་དེའི་དྲག་ཆས་མི་སྣ་དག་གིས་གོང་གི་འཇབ་རྒོལ་དོན་རྐྱེན་དེ་དག་བཟོས་པ་ཡིན་ཞེས་བཤད།

ཉེ་སྔོན། ཨ་ཧྥུའུ་ཧན་གྱི་ཐ་ལེ་པན་དྲག་ཆས་རྩ་འཛུགས་ཀྱིས་ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་ལ་བསྟུད་མར་འཇབ་རྒོལ་བྱས། ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ཉིན་གྱི་ཞོགས་པར། ཨ་ཧྥུའུ་ཧན་བྱང་ཕྱོགས་ཀྱི་ཀྲུའུ་ཙི་ཀྲན་ཞིང་ཆེན་གྱི་བདེ་འཇགས་ཞིབ་བཤེར་ས་ཚིགས་ཤིག་ལ་ཐ་ལེ་པན་གྱི་དྲག་ཆས་མི་སྣའི་འཇབ་རྒོལ་ཐེབས་ཏེ། བདེ་འཇགས་དམག་དཔུང་གི་དམག་མི་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བཞི་ལ་རྨས་ཕོག

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།