སི་རི་ཡས་ཨ་མེ་རི་ཁས་དབྱི་རག་ཧྲི་ཡེ་ཕྱོགས་ཁག་གི་དམངས་དམག་གི་སྒར་སར་བར་སྣང་ནས་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡའི་ཕྱི་འབྲེལ་པུའུ་ཡིས་ཚེས་སུམ་ཅུ་ཉིན་གསལ་བསྒྲགས་སྤེལ་ནས། ཨ་མེ་རི་ཁས་དབྱི་རག་ཧྲི་ཡེ་ཕྱོགས་ཁག་གི་དམངས་དམག་དྲག་ཆས་རྩ་འཛུགས་མི་དམངས་སྐུལ་སློང་རྩ་འཛུགས་ཞེས་པ་དེའི་དམིགས་འབེན་ལ་བར་སྣང་ནས་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་བ་དང་། ཨ་མེ་རི་ཁས་དབྱི་རག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་མཚམས་འཇོག་རྒྱུའི་རེ་བ་བཏོན།

སི་རི་ཡའི་གསར་འགྱུར་ཁང་གིས་སི་རི་ཡའི་ཕྱི་འབྲེལ་པུའུ་ཡི་གསལ་བསྒྲགས་དྲངས་ནས་བཤད་རྒྱུར། ཨ་མེ་རི་ཁས་སྤེལ་བ་ཡ་ང་བའི་འཇབ་རྒོལ་ཞིག་ཡིན་ལ། དེའི་ཁྲོད་དུ་མི་སྣ་མང་པོ་ཤི་རྨས་བཟོས་ཡོད། དེ་ནི་དབྱི་རག་དང་དབྱི་རག་མི་དམངས་ཀྱི་བདག་དབང་དང་རང་བཙན། རང་དབང་བཅས་ལ་དམིགས་པའི་འཇབ་རྒོལ་རེད་ཟེར།

གསལ་བསྒྲགས་ནང་བཤད་རྒྱུར། སི་རི་ཡའི་སྲིད་གཞུང་གིས་དབྱི་རག་དང་དབྱི་རག་མི་དམངས་ལ་རྒྱབ་སྐྱོར་བྱེད་པ་ཡིན་ལ། ཨ་མེ་རི་ཁས་དབྱི་རག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་མཚམས་འཇོག་རྒྱུའི་རེ་བ་བཏོན་པ་ཡིན་ཟེར། གསལ་བསྒྲགས་ནང་དུ་སི་རི་ཡའི་མངའ་ཁོངས་ལ་བར་སྣང་གི་འཇབ་རྒོལ་ཐེབས་པའི་གནས་ཚུལ་གླེང་མེད།

ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་དགུ་ཉིན་བསྒྲགས་རྒྱུར། ཨ་མེ་རི་ཁའི་དམག་གིས་ཉིན་དེར་ཧྲི་ཡེ་ཕྱོགས་ཁག་གི་དྲག་ཆས་རྩ་འཛུགས་ཀྲིན་ཀྲུའུ་དམག་དཔུང་ཞེས་པ་དེའི་དབྱི་རག་དང་སི་རི་ཡའི་མངའ་ཁོངས་ཀྱི་སྒྲིག་ཆས་མང་པོར་བར་སྣང་ནས་འཇབ་རྒོལ་བྱས་ཏེ། རྩ་འཛུགས་དེས་དབྱི་རག་གི་མངའ་ཁོངས་སུ་བཅའ་སྡོད་བྱས་པའི་རྒྱལ་སྤྱིའི་མནའ་འབྲེལ་དམག་དཔུང་གི་དམག་དོན་རྟེན་གཞི་ལ་འཇབ་རྒོལ་ཐེངས་མང་བྱས་པར་སྐྱིན་པ་བླངས་པ་ཡིན་ཟེར།

མི་དམངས་སྐུལ་སློང་རྩ་འཛུགས་ཞེས་པས་ཚེས་ཉེར་དགུ་ཉིན་གསལ་བསྒྲགས་སྤེལ་ནས། ཨ་མེ་རི་ཁས་རྩ་འཛུགས་དེའི་དབྱི་རག་དང་སི་རི་ཡའི་མཐའ་མཚམས་ན་ཡོད་པའི་སྒར་སར་བར་སྣང་ནས་འཇབ་རྒོལ་བྱས་ཏེ། རྩ་འཛུགས་དེའི་མི་ཉེར་ལྔ་བསད་པ་དང་། མི་ང་གཅིག་རྨས་སོང་ཞེས་བཤད།

མི་དམངས་སྐུལ་སློང་རྩ་འཛུགས་ནི་ཉིས་སྟོང་བཅུ་བཞི་ལོར་བཙུགས་པ་དང་། ཀྲིན་ཀྲུའུ་དམག་དཔུང་ཞེས་པ་དང་བཅས་པའི་ཧྲི་ཡེ་ཕྱོགས་ཁག་གི་དམངས་དམག་དྲག་ཆས་སྟོབས་ཤུགས་མང་པོས་གྲུབ་པ་ཡིན་ལ། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་གསུམ་པར་དབྱི་རག་བདེ་འཇགས་དམག་དཔུང་གི་ནང་དུ་བསྡུས་ཏེ། ཐད་ཀར་དུ་དབྱི་རག་རྒྱལ་སྲུང་པུའུ་ཡི་བཀའ་ལ་ཉན་ནས། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་ཆམ་ཕབ་གཏོང་བའི་འཐབ་འཛིང་ཁྲོད་དུ་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཨ་མེ་རི་ཁས་མི་དམངས་སྐུལ་སློང་རྩ་འཛུགས་དང་དབྱི་ལང་བར་གྱི་འབྲེལ་བ་ཧ་ཅང་ཟབ་པ་དང་། དུས་ཡུན་རིང་བོར་དབྱི་ལང་གི་སྦྱོང་བརྡར་དང་རྒྱབ་སྐྱོར་དང་ལེན་བྱེད་བཞིན་ཡོད་པར་གཏན་ཁེལ་བྱས་ཡོད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།