ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་མི་སྣ་ཡིན་པར་དོགས་པ་ཟ་བའི་མི་ཉི་ཤུ་འཛིན་བཟུང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་དྲུག་ཉིན་བཤད་རྒྱུར། ཉེན་རྟོག་ཕྱོགས་ཀྱིས་ཉེ་སྔོན་ཆེས་ཆེ་བའི་གྲོང་ཁྱེར་དབྱི་སི་ཐན་པུའུ་ཨར་ནས་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་མི་སྣ་ཡིན་པར་དོགས་པ་ཟ་བའི་མི་ཉི་ཤུ་འཛིན་བཟུང་བྱས་ཡོད་ཟེར།

གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་བཞི་དང་ཉེར་ལྔ་ཉིན་གཉིས་ལ་དབྱི་སི་ཐན་པུའུ་ཨར་གྲོང་ཁྱེར་གྱི་ས་གནས་ཞེ་བརྒྱད་ནས་ཐོལ་རྒོལ་འགུལ་སྐྱོད་སྤེལ་ནས། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་མི་སྣ་ཡིན་པར་དོགས་པ་ཟ་བའི་མི་ཉི་ཤུ་འཛིན་བཟུང་བྱས་ཟེར།

ཉེན་རྟོག་ཕྱོགས་ཀྱིས་དྲག་ཆས་མི་སྣ་དེ་དག་རྒྱལ་ཁབ་གང་གི་ཡིན་པ་ཕྱིར་བསྒྲགས་མེད།

ཐུར་ཁེའི་སྲིད་གཞུང་གིས་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པས་ཉེ་བའི་ལོ་འགའི་རིང་ལ་ཐུར་ཁེའི་མངའ་ཁོངས་ནས་འཇབ་རྒོལ་ཁྲོད་ནས་མི་སུམ་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་བར་འདོད་ཡོད།

ཉིས་སྟོང་བཅུ་བདུན་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན། ཝུའུ་ཙི་པེ་ཁི་སི་ཐན་གྱི་རྒྱལ་ཁོངས་སུ་གཏོགས་པའི་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་མི་སྣ་ཞིག་གིས་དབྱི་སི་ཐན་པུའུ་ཨར་གྱི་མཚན་སྤྲོ་ཁང་ཞིག་ནས་ལོ་གསར་གྱི་དགའ་སྟོན་ལ་རོལ་བཞིན་པའི་མི་ཚོགས་ཀྱི་ཁྲོད་དུ་མེ་མདས་བརྒྱབ་སྟེ། མི་སོ་དགུ་བསད་པ་དང་། མི་དྲུག་ཅུ་རྨས།

དོན་རྐྱེན་དེའི་རིགས་ཡང་བསྐྱར་མི་འབྱུང་བའི་ཆེད་དུ། ཐུར་ཁེའི་ཉེན་རྟོག་ཕྱོགས་དང་བདེ་འཇགས་སྡེ་ཁག་གིས་ལོ་སར་སོགས་མང་ཚོགས་ཀྱི་གུང་གསེང་གི་སྔོན་ལ་འབྲེལ་ཡོད་འགུལ་སྐྱོད་སྤེལ་ནས། གུང་གསེང་སྐབས་ཀྱི་བདེ་འཇགས་ལ་ཁག་ཐེག་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།