ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཐ་ཉི་ཡ་ཧུའུ་ཡང་བསྐྱར་ལེ་ཁུའུ་ཏི་སྡེ་ཚོགས་ཀྱི་ཀྲུའུ་ཞི་ལ་བདམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་ཉེར་དྲུག་ཉིན་བསྡུས་པའི་དབྱི་སི་རལ་གྱི་ལེ་ཁུའུ་ཏི་ཏང་གི་གཙོ་འཛིན་འདེམ་བསྐོའི་ཁྲོད་དུ། ད་ལྟའི་ལེ་ཁུའུ་ཏི་སྡེ་ཚོགས་ཀྱི་ཀྲུའུ་ཞི་ནེ་ཐ་ཉི་ཡ་ཧུའུ་འགྲན་ཡ་ལས་རྣམ་པར་རྒྱལ་ནས་ཡང་བསྐྱར་ཀྲུའུ་ཞི་ལ་བདམས། ཁོས་ཡང་བསྐྱར་ལེ་ཁུའུ་ཏི་སྡེ་ཚོགས་ཀྱི་མགོ་ཁྲིད་དེ་སྐབས་རྗེས་མའི་གྲོས་ཁང་གི་འདེམ་བསྐོ་ལ་ཞུགས་རྒྱུ་རེད།

ཚེས་ཉེར་བདུན་ཉིན་གྱི་ཞོགས་པར་བསྒྲགས་པའི་འདེམ་བསྐོའི་མཇུག་འབྲས་ལྟར་ན། ནེ་ཐ་ཉི་ཡ་ཧུའུ་ལ་འདེམ་ཤོག་བརྒྱ་ཆའི་དོན་གཉིས་དང་གྲངས་ཆུང་ལྔ་ཐོབ་པ་དང་། ཁོའི་འགྲན་ཡ་ཅི་ཏི་ཝུན་སཱ་ཨར་ལ་འདེམ་ཤོག་བརྒྱ་ཆའི་ཉེར་བདུན་དང་གྲངས་ཆུང་ལྔ་ཐོབ།

ཚེས་ཉེར་དྲུག་ཉིན། དབྱི་སི་རལ་རྒྱལ་ཡོངས་ཀྱི་ལེ་ཁུའུ་ཏི་སྡེ་ཚོགས་ཀྱི་ཁོངས་མི་འབུམ་གཅིག་དང་ཁྲི་གཅིག་གིས་སྔ་དྲོའི་དུས་ཚོད་དགུ་ནས་བཟུང་འདེམ་ཤོག་འཕེན་མགོ་བརྩམས་པ་དང་། ཉིན་དེར་དྲག་ཆར་བབས་པས་འདེམ་ཤོག་དགོང་མོའི་དུས་ཚོད་བཅུ་གཅིག་སྟེང་ད་གཟོད་འཕངས་ཚར།

ནེ་ཐ་ཉི་ཡ་ཧུའུ་ཡིས་འདེམ་བསྐོའི་སྔོན་གྱི་འདེམ་ཤོག་བརྩོན་ལེན་འགུལ་སྐྱོད་ཁྲོད་དུ་བཤད་རྒྱུར། གལ་ཏེ་ཡང་བསྐྱར་ཀྲུའུ་ཞི་ལ་གདམ་ཚེ། ཁོས་ཨ་མེ་རི་ཁར་གོ་སྐོན་བློ་འགུག་བྱས་ཏེ་དབྱི་སི་རལ་ལ་ཕ་ལེ་སི་ཐན་གྱི་ཅོར་ཏན་གཙང་བོའི་འགྲམ་རྒྱུད་དུ་བདག་དབང་ཡོད་པ་ཁས་ལེན་དུ་འཇུག་རྒྱུ་ཡིན་ཟེར།

ཐེངས་འདིའི་འདེམ་བསྐོའི་ཁྲོད་དུ། ནེ་ཐ་ཉི་ཡ་ཧུའུ་ཏང་ནང་ཁུལ་གྱི་འགྲན་ཡ་ཅི་ཏི་ཝུན་སཱ་ཨར་གྱི་འགྲན་རྩོད་དང་འཕྲད་པ་རེད། སཱ་ཨར་ནི་ད་ལོར་ལོ་ང་གསུམ་ཡིན་ལ། སྔ་གཞུག་ཏུ་དབྱི་སི་རལ་གྱི་སློབ་གསོའི་དཔོན་པོ་དང་ནང་སྲིད་དཔོན་པོའི་འགན་ཁུར་མྱོང་།

དབྱི་སི་རལ་གྱིས་ཉིས་སྟོང་ཉི་ཤུ་ལོའི་ཟླ་གསུམ་པར་ལོ་གཅིག་རིང་གི་གྲོས་ཁང་གི་འདེམ་བསྐོ་ཐེངས་གསུམ་པ་བསྡུ་རྩིས་ཡོད། མིག་སྔར་ནེ་ཐ་ཉི་ཡ་ཧུའུ་ལ་ལྐོག་རྔན་བླངས་པ་དང་། མགོ་སྐོར་བཏང་བ། ཡིད་རྟོན་དང་འགལ་བ་བཅས་ནག་ཉེས་གསུམ་བཏགས་ནས་གཏུག་བཤེར་བྱས་ཡོད། དབྱི་སི་རལ་གྱི་མཐོ་རིམ་ཁྲིམས་ཁང་གིས་ཟླ་འདིའི་ཚེས་སོ་གཅིག་ཉིན་གཏུག་བཤེར་བྱས་པའི་ཙུང་ལི་ལ་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་རྗེས་སྲིད་གཞུང་འཛུགས་པའི་ཐོབ་ཐང་ཡོད་མེད་ཐད་ནས་གྲོས་ཞིབ་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།