ཀྲུང་གོ་བོད་ཀྱི་དྲ་བ།

ཧ་སག་སི་ཐན་གྱིས་འགྲུལ་སྐྱེལ་གནམ་གྲུ་ཞིག་ཐང་ལ་ལྷུང་ནས་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧ་སག་སི་ཐན་དམངས་སྤྱོད་མཁའ་འགྲུལ་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་བདུན་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཉིན་དེར་འགྲུལ་སྐྱེལ་གནམ་གྲུ་ཞིག་ཐང་ལ་ལྷུང་བའི་དོན་རྐྱེན་ཁྲོད་ནས་རྐྱེན་ལམ་དུ་ཤོར་བའི་མི་བཅོ་ལྔ་ལ་བུད་ཟེར།

ཧ་སག་སི་ཐན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཨ་ལ་མུའུ་ཐུའུ་ན་ཡོད་པའི་སྤྱིའི་གཞུང་ཚབ་ཁང་ལ་འབྲེལ་འདྲིས་བྱས་ཏེ་གཏན་ཁེལ་བྱུང་བ་ལྟར་ན། ཆག་སྒོ་བྱུང་བའི་འགྲུལ་སྐྱེལ་གནམ་གྲུའི་ནང་དུ་ཀྲུང་གོའི་སྤྱི་དམངས་ཤིག་ཡོད་མོད། སྟབས་ལེགས་པ་ཞིག་ལ་དོན་རྐྱེན་ཁྲོད་ནས་རྨས་ཕོག་མེད། གཞུང་ཚབ་ཁང་དང་སྤྱིའི་གཞུང་ཚབ་ཁང་གིས་མུ་མཐུད་དུ་ས་དེའི་ཉེན་རྟོག་ཕྱོགས་ལ་འབྲེལ་འདྲིས་དམ་པོ་བྱེད་བཞིན་ཡོད་ཟེར།

མི་བརྒྱ་ཙམ་དྲུད་ཡོད་པའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ས་དེའི་ཚེས་ཉེར་བདུན་ཉིན་གྱི་ཞོགས་པར་ཨ་ལ་མུའུ་ཐུའུ་ཉེ་འདབས་ནས་ཐང་ལ་ལྷུང་། ཧ་སག་སི་ཐན་གྱི་དམངས་སྤྱོད་མཁའ་འགྲུལ་ཨུ་ཡོན་ལྷན་ཁང་གིས་བསྟན་དོན། ཐེངས་འདིར་ཨ་ལ་མུའུ་ཐུའུ་ནས་རྒྱལ་ས་ནུའུ་ཨར་སུའུ་ཏན་ལ་འཕུར་བའི་གནམ་གྲུ་ནི་ཧྥུའུ་ཁི100རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ཡིན་ལ། ཧ་སག་སི་ཐན་གྱི་པེ་ཁི་མཁའ་འགྲུལ་ཀུང་ཟིར་གཏོགས། ས་དེའི་དུས་ཚད་བདུན་དང་སྐར་མ་ལྔའི་སྟེང་། འགྲུལ་སྐྱེལ་གནམ་གྲུ་དེ་འཕུར་ནས་ཅང་མ་འགོར་བར་རེག་བརྡའི་སྟེང་ནས་གར་སོང་མ་ཤེས་པ་དང་། དེའི་རྗེས་སུ་གནམ་གྲུ་དེ་ཐང་ལ་ལྷུང་བར་མ་ཟད་ཁང་པར་གདོང་གཏུག་བརྒྱབ་མོད། ཡིན་ནའང་མེར་མ་འབར་བའི་གནས་ཚུལ་ཤེས།

མིག་སྔར་ཧ་སག་སི་ཐན་གྱི་ཙུང་ལིས་མགོ་ཁྲིད་པའི་དམིགས་བསལ་ཨུ་ཡོན་ལྷན་ཁང་གིས་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་པར་མ་ཟད། ཧྥུའུ་ཁི100རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་དེའི་རིགས་ཀྱིས་གནས་སྐབས་སུ་ཧ་སག་སི་ཐན་གྱི་མངའ་ཁོངས་ནས་འགྲུལ་བ་སྐྱེལ་མཚམས་བཞག་པ་ཁྱབ་བསྒྲགས་བྱས།

ཧ་སག་སི་ཐན་གྱི་ཙུང་ཐུང་ཐོག་མ་ན་ཀྲར་པ་ཡེ་ཧྥུའུ་དང་ད་ལྟའི་ཙུང་ཐུང་ཐོ་ཁ་ཡེ་ཧྥུའུ་གཉིས་ཀྱིས་ཉིན་དེར་སོ་སོར་གནམ་གྲུ་ཐང་ལ་ལྷུང་བར་མྱ་ངན་ཞུས་པ་དང་། འདས་པོའི་ཁྱིམ་མི་རྣམས་ལ་དགོས་ངེས་ཀྱི་རོགས་རམ་བྱེད་རྒྱུ་མ་ཟད། འབྲེལ་ཡོད་འགན་ཁུར་བའི་འགན་འཁྲི་རྩད་གཅོད་བྱེད་རྒྱུ་ཡིན་པའི་དམ་བཅས། ཐ་ཁ་ཡེ་ཧྥུའུ་ཡིས་ཚེས་ཉེར་བརྒྱད་ཉིན་ནི་རྒྱལ་ཡོངས་ཀྱི་མྱ་ངན་ཞུ་བའི་ཉིན་མོ་ཡིན་པ་ཁྱབ་བསྒྲགས་བྱས།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།