ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱི་དམག་དཔུང་གིས་ཕ་ལེ་སི་ཐན་གྱི་བྱིས་པ་མང་པོ་འགས་གཏོར་བཏང་སྟེ་བསད་པའི་ཐད་ནས་སྐྱོན་ཆ་ཁས་བླངས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་དམག་ཕྱོགས་ཀྱིས་ཟླ12པའི་ཚེས24ཉིན་གསལ་བསྒྲགས་སྤེལ་ནས། དབྱི་སི་རལ་གྱི་དམག་དཔུང་གིས་ཟླ11པའི་ཚེས14ཉིན་ཅ་ཧྲ་ས་ཁུལ་ནས་སྤེལ་བའི་དམག་དོན་འགུལ་སྐྱོད་ཁྲོད་དུ་ཕ་ལེ་སི་ཐན་གྱི་བྱིས་པ་མང་པོ་བསད་པ་དེ་ནི། འགས་གཏོར་ལས་ཕྱིར་མཆེད་པའི་ཉེན་ཁ་ལ་ནོར་འཁྲུལ་གྱི་བརྡར་ཤ་བཅད་པའི་རྐྱེན་རེད་ཅེས་བཤད།

དབྱི་སི་རལ་གྱིས་ཟླ་སྔོན་མའི་ཚེས12ཉིན་འཐབ་འཛིང་གནམ་གྲུ་བཀོལ་ནས་ཕ་ལེ་སི་ཐན་གྱི་དབྱི་སི་ལན་འཐབ་མཆོག་རྩ་འཛུགས་ཅེ་ཧ་ཏི་ཡིས་མཐོ་རིམ་བཀོད་འདོམས་དཔོན་པ་ཧ་ཨ་པུའུ་ཨ་ཐ་འགས་གཏོར་བཏང་ནས་བསད་པ་ལས་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་དུ་སྐོར་ཐེངས་གསར་པའི་འཁྲུག་རྩོད་བྱུང་། ཟླ་དེའི་ཚེས14ཉིན་གྱི་ནམ་གུང་། དབྱི་སི་རལ་གྱིས་ཅེ་ཧ་ཏི་ཡི་དམག་དོན་དམིགས་འབེན་ལ་རྒོལ་རྡུང་བྱས་པ་དང་། ཅེ་ཧ་ཏི་ཡི་བཀོད་འདོམས་དཔོན་གཅིག་དང་ཁོའི་ཁྱིམ་མི་བརྒྱད་བར་སྣང་གི་འཇབ་རྒོལ་ཁྲོད་ནས་རྐྱེན་ལམ་དུ་ཤོར་ལ། དེའི་ནང་དུ་བྱིས་པ5ཡོད།

ཧྥ་རན་སིའི་གསར་འགྱུར་ཁང་གིས་དབྱི་སི་རལ་གྱི་དམག་དཔུང་གི་གསལ་བསྒྲགས་དྲངས་ནས་བཤད་པ་ལྟར་ན། དམག་ཕྱོགས་ཀྱིས་སྐབས་དེར་ཚོད་དཔག་བྱས་ཏེ་འགས་གཏོར་གྱི་དམིགས་འབེན་ནི་ཅེ་ཧ་ཏི་ཡི་དམག་དོན་ས་གནས་ཤིག་ཡིན་པས། དབྱི་སི་རལ་གྱི་དམག་དོན་རྒོལ་རྡུང་གིས་མི་སེར་ལ་གནོད་སྐྱེལ་མི་སྲིད་པར་འདོད་པ་ཡིན་ཟེར།

ཡིན་ནའང་དོན་རྐྱེན་དེའི་རྗེས་སུ་རྟོག་ཞིབ་བྱས་པ་ལས་ཤེས་པ་ལྟར་ན། དམིགས་འབེན་དུ་བཟུང་བའི་ཁང་པ་དེ་ནི་དབྱི་སི་རལ་གྱིས་བཤད་པ་ལྟ་བུའི་གསང་བའི་ས་གནས་ཤིག་མིན་པ་དང་། དོན་དངོས་སུ་སྐབས་དེར་ཁང་པ་དེའི་ནང་དུ་མི་སེར་ཡོད་ཟེར།

དབྱི་སི་རལ་གྱི་དམག་ཕྱོགས་ཀྱིས་གསལ་བསྒྲགས་ནང་དུ་བཤད་རྒྱུར། དབྱི་སི་རལ་གྱིས་ནོར་འཁྲུལ་གྱི་ཁྲོད་ནས་སློབ་གསོ་བསྡུ་ལེན་བྱས་ཏེ། རྒྱུན་ལྡན་མིན་པའི་དོན་རྐྱེན་དེའི་རིགས་ཡང་བསྐྱར་འབྱུང་བར་སྔོན་འགོག་གང་ལེགས་བྱེད་རྒྱུ་ཡིན་ཟེར།

ཡིན་ནའང་དབྱི་སི་རལ་གྱི་དམག་ཕྱོགས་ཀྱིས་སྔར་བཞིན་དུ་ཟླ11པའི་ཟླ་དཀྱིལ་གྱི་དམག་དོན་འགུལ་སྐྱོད་ལེགས་འགྲུབ་བྱུང་སྟེ། ཅེ་ཧ་ཏི་ལ་ཆམ་ཕབ་ཆེན་པོ་བཏང་བ་དང་། དེ་ནི་གཞི་ཁྱོན་སྔར་ལས་ཆེ་བའི་འཁྲུག་རྩོད་མི་འབྱུང་བར་ཕན་པ་ཡོད་པར་འདོད་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།